མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྒྱས་བཤད་རྩོམ་སྒྲིག་གིས་ཁེབས་པར་བྱེད་དགོས་པ་གཉིས་ཀྱི་དམིགས་འབེན་ཡར་སྐུལ་གྲོས་ཚོགས་བསྡུས།
2017.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྒྱས་བཤད་རྩོམ་སྒྲིག་གིས་ཁེབས་པར་བྱེད་དགོས་པ་གཉིས་ཀྱི་དམིགས་འབེན་ཡར་སྐུལ་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཁྱད་པར་དུ་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུས་བཏོན་པའི་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་དགོས་པའི་སྐོར་གྱི་རྒྱས་འགྲེལ་དང་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པར་མ་ཟད། ཁྱོན་ཡོངས་ནས་ས་གནས་ལོ་རྒྱུས་རྒྱས་བཤད་ལས་དོན་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་མཐར། སྔར་ལས་ལྷག་པའི་སྒོ་ནས་ས་གནས་ལོ་རྒྱུས་རྒྱས་བཤད་ཀྱིས་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པ་དང་ལོ་རྒྱུས་ཤེས་རབ་སྔོག་འདོན་བྱེད་པ། སྲིད་སྐྱོང་རོགས་འདེགས་བྱེད་པ་བཅས་ཀྱི་བྱེད་ནུས་ཐུན་མོང་མ་ཡིན་པ་འདོན་སྤེལ་གང་ལེགས་བྱེད་པར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ས་གནས་ལོ་རྒྱུས་རྒྱས་བཤད་རྩོམ་སྒྲིག་གིས་ཁེབས་པར་བྱེད་དགོས་པ་གཉིས་ཀྱི་དམིགས་འབེན་བྱ་བ་དུས་ལྟར་ཡོངས་འགྲུབ་ཁག་ཐེག་ཡོང་བའི་ཐད་ཡིག་ངོས་ཀྱི་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་ལོ་རྒྱུས་རྒྱས་བཤད་དང་ལོ་ཚིགས་བསྐྱར་བཅོས་རྩོམ་སྒྲིག་བྱ་བ་ནི་ཏང་གི་ཆེད་དུ་དཔེ་ཆ་རྩོམ་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལོ་རྒྱུས་རྩོམ་པ། མི་དམངས་ཀྱི་ཆེད་དུ་བསམ་པའི་ཁྱིམ་གཞི་བསྐྲུན་པ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ས་གནས་ལོ་རྒྱུས་རྒྱས་བཤད་བྱ་བར་མཐོང་ཆེན་བླ་མེད་གནང་ནས། ས་གནས་ལོ་རྒྱུས་དང་ལོ་ཚིགས་བསྐྱར་བཅོས་རྩོམ་སྒྲིག་བྱ་བར་བླང་བྱ་གསར་བ་བཏོན། མིག་སྔའི་མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་མ་ལག་གི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གཉིས་མཛུབ་སྟོན་དུ་བཟུང་ནས། ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་དང་བྱ་བའི་གནད་ས་ཇེ་གསལ་དུ་གཏོང་བ། བྱ་བའི་ཐབས་ལམ་གསར་གཏོད་བྱེད་པ། བྱེད་ཕྱོགས་འགན་སྲུང་འཐུས་སྒོ་ཅན་དུ་གཏོང་བ་བཅས་ལ་འབད་དེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཁྱོན་ཡོངས་ནས་ཞིང་ཆེན་ལ་ས་གནས་ལོ་རྒྱུས་དང་ལོ་ཚིགས་གསལ་བོ་ཡོད་པར་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་རང་རང་གི་ས་གནས་ལོ་རྒྱུས་དང་ལོ་ཚིགས་ངེས་གཏན་ཡོད་པ། རྫོང་ཚང་མར་རང་རང་གི་ས་གནས་ལོ་རྒྱུས་དང་ལོ་ཚིགས་གསལ་བོ་ཡོད་པར་བྱེད་པའི། ཁེབས་པར་བྱེད་པ་གཉིས་ཀྱི་རྩོམ་སྒྲིག་དམིགས་འབེན་ཡོངས་འགྲུབ་ལ་འགན་ལེན་ཁག་ཐེག་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ས་གནས་ལོ་རྒྱུས་བསྐྲུན་ནས་བྱས་རྗེས་འཇོག་དགོས་ཞེས་བསྟན།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་དང་ལོ་ཚིགས་བསྐྱར་བཅོས་རྩོམ་སྒྲིག་གིས་ཁེབས་པར་བྱེད་དགོས་པ་གཉིས་ཀྱི་དམིགས་འབེན་སྤེལ་བའི་གནས་ཚུལ་བསྒྲགས་པ་དང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་བྱང་ཁུལ་སྲིད་གཞུང་། ཧི་ནན་རྫོང་སྲིད་གཞུང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་འགན་ཁུར་བློ་མཐུན་བཅས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།