ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2017.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྙན་ཞུ་འབུལ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

སྙན་ཞུ་འབུལ་བའི་གྲོས་ཚོགས་སྟེང་དུ། ཚའེ་ཧྥང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་དང་དམ་དུ་འབྲེལ་ནས། ཁུངས་བཙུན་གྱི་གཞི་འཛིན་གྲངས་ཀ་དང་དཔེ་མཚོན་དུ་རུང་བའི་གྱོད་དོན་གསོན་པོ། གསོན་ཉམས་ལྡན་པའི་སྐད་ཆ་བཅས་སྤྱད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ། གོམ་སྟབས་གསར་བ་གཉིས་ཀྱི་འཐབ་ཇུས། ཀྲུང་གོའི་ཤེས་རབ་དང་ཀྲུང་གོའི་ཐབས་ཇུས་ཀྱིས་མིའི་རིགས་ལ་བྱས་རྗེས་བཞག་པ། དུས་རབས་གསར་བའི་ཏང་འཛུགས་སྤྱིའི་བླང་བྱ་སོགས་ཕྱོགས་དྲུག་གི་སྒོ་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་བསམ་བློ་གལ་ཆེན་དང་ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱེད་ཕྱོགས་གལ་ཆེན་བཅས་ལ་ཁྱོན་ཡོངས་དང་འཐུས་སྒོ་ཚང་བ། བརྗོད་བྱ་འབུར་ཐོན་ཡིན་པ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས། སྙན་ཞུའི་བརྗོད་དོན་གསལ་ཞིང་བརྗོད་སྙིང་འབུར་དུ་ཐོན་པས། དེར་བསམ་བློའི་རང་བཞིན་དང་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་དྲག་པོ་ལྡན། ཚའེ་ཧྥང་གིས་ད་དུང་ཡུལ་དངོས་ནས་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཀུན་གྱིས་བཏོན་པའི་གནད་དོན་ལ་ལན་བཏབ།

ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། བློ་མཐུན་ཚའེ་ཧྥང་གིས་ཆུ་ཚད་མཐོ་ཞིང་དོན་སྙིང་ལྡན་པའི་སྙན་ཞུ་ལེགས་པོ་ཞིག་ཕུལ་བས། ང་ཚོར་བློ་སྒོ་གསར་བ་ཕྱེས། གཙོ་བོ་ཕྱོགས་བཞིའི་ཐད་ནས་ང་ཚོ་ལ་མྱོང་སྣང་ཟབ་མོ་བྱིན་ཡོད་དེ། གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་དགོངས་སྙིང་ལ་གོ་བ་མ་ནོར་བ་ལེན་རོགས་བྱས་པ། གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུར་སློབ་སྦྱོང་གཏིང་ཟབ་བྱེད་པར་ཐབས་ཤེས་འདོན་སྤྲོད་བྱས་པ། གསུམ་ནི་སྐད་ཆ་སྤྱིར་བཏང་དང་དཀྱུས་མར་བརྟེན་ནས་ཡིད་ལ་འཛིན་སླ་བའི་གནས་ལུགས་བཤད་པ། བཞི་ནི་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བའི་སྒོ་ནས་སྒྲོག་འགྲེལ་བྱས་ཏེ། ང་ཚོར་འཕེལ་རྒྱས་ཀྱི་ཡིད་ཆེས་བསྩལ་བ་བཅས་རེད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འོས་འགན་གཙོ་བོ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་བྱེད་རྒྱུ་དང་དམ་དུ་འབྲེལ་ཏེ། ཐེངས་འདིའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་དུ་ཡོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཞིབ་ཕྲ་དང་ཟུང་དུ་འབྲེལ་ནས། ཤུགས་ཆེན་པོས་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱ་བ་དམ་པོར་འཛིན་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་གྱི་འཛིན་མའི་ཁྱོན་ཡོངས་ལ་ཆད་མེད་དུ་བསྒྲགས་ནས། ཚོགས་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཁྲི་མ་འབུམ་གྱི་སྙན་ལམ་དུ་བསྐྱལ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མ་ནོར་མ་འཆུག་པར་མང་ཚོགས་ཁྲི་མ་འབུམ་གྱི་སྙན་ལམ་དུ་ཟབ་འཁྱོལ་ངང་བསྐྱལ་བར་གཤམ་གྱི་ཕྱོགས་བཞི་ལ་དོ་སྣང་ཆེན་པོ་བྱེད་དགོས་ཏེ། གཅིག་ནི་གཙོ་ཤུགས་འབུར་ཐོན་ཡོང་བར་བྱེད་དགོས། གཉིས་ནི་གནད་སའི་བྱ་བར་གོ་བ་ཡང་དག་ལོན་དགོས། གསུམ་ནི་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་དགོས། བཞི་ནི་བདེན་གཉེར་དངོས་འཛིན་དང་ཕན་འབྲས་ལོན་པར་བྱེད་དགོས་པ་བཅས་ཡིན་ཞེས་བསྟན།

མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཐད་གཏོགས་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་དཔོན་དམག་ཚབ་བྱེད་མི་སྣ། ལས་ཁུངས་ཀྱི་ལས་བྱེད་པ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ། སློབ་ཆེན་སློབ་མ། གཞུང་ལུགས་བྱ་བ་གཉེར་མཁན། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་མི་སྣ། ཟི་ལིང་གྲོང་ཁྱེར་གྱི་ཐིན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་འཐུས་མི་བཅས་ཐེངས་འདིའི་སྙན་ཞུའི་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་ལས་བྱེད་མང་ཚོགས་རྩ་འཛུགས་བྱས་ཏེ། སྙན་ཞུའི་གྲོས་ཚོགས་ཀྱི་ཐད་གཏོང་ལ་ལྟ་རུ་བཅུག