མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་བསྒྲུབས།
2017.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་བསྒྲུབས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཞིང་ཆེན་དུ་གཏོགས་པའི་མཐོ་རིམ་སློབ་གྲྭའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། རྫོང་སྲིད་གཞུང་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཁྱོན་བསྡོམས་མི་ཉིས་བརྒྱ་ལྷག་ཐེངས་འདིའི་ཟབ་སྦྱོང་ལ་ཞུགས།

ཐེངས་འདིའི་ཟབ་སྦྱོང་བྱེད་ཡུན་ནི་ཉིན་གསུམ་གྱི་རིང་ཡིན་པ་དང་། ཟབ་སྦྱོང་གི་སྟེང་ནས་ཆེད་དོན་ཟུར་ཁྲིད་དང་ཚན་ཆུང་བགོས་ཏེ་གྲོས་སྡུར་བྱེད་པ། ཐུན་མོང་ཀློག་འགྲེལ་དང་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བསྐྱར་བཅོས་མ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ནང་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སོགས་ལ་སློབ་སྦྱོང་དང་ཟབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དེ་རེད།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་གནད་འགག་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་དུས་སྐབས་སུ་འཚོགས་པའི། ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཡིན་ལ། དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མདུན་དུ་བསྐྱོད་པར་ཁ་ཕྱོགས་བསྟན་པར་མ་ཟད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་བཏོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་འཐབ་ཇུས་གསར་བའི་སྣེ་སྟོན་འདོན་སྤྲོད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་སྟོབས་ཤུགས་གསར་བ་བསྩལ་ཡོད་ཟེར།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་ནན་ཏན་སྒོས་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱེད་པ། བསམ་བློ་དང་སྦྱོར་བ་གཉིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སྟེང་ནས་གཅིག་གྱུར་བྱེད་པ། ཐོག་མའི་ཆོད་སེམ་མི་བརྗེད་པར་བྱེད་པ། ལས་འགན་ཡིད་ལ་དམ་པོར་ཉར་བ། མུ་མཐུད་དེ་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བ། བདེན་གཉེར་བདེན་འཛིན་བྱེད་པ་བཅས་ལ་འབད་དེ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཁ་མིན་དོན་གྱིས་ཇེ་བརྟན་དུ་བཏང་ནས། མཚོ་སྔོན་འཛུགས་སྐྲུན་བྱས་པ་སྔར་ལས་མཛེས་ཤིང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་ཕྱུག་ལ་གཏོང་དགོས་ཟེར།