ཝང་གོ་ཧྲིན་གྱིས་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོའི་བརྒྱུད་རིམ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས་ཞེས་བསྟན།
2017.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད། ཁོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་ལ་འགན་ཧ་ཅང་འཁུར་བའི་རྣམ་འགྱུར་དང་གཟབ་ནན་གྱི་ཀུན་སྤྱོད་རྣལ་མས་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབ་ནས། སྐབས་བརྗེའི་བརྒྱུད་རིམ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་དང་། རྩ་འཛུགས་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་པ་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ། སྤྱོད་ཚུལ་བསྒྱུར་བ་དང་དངོས་འབེབས་དམ་འཛིན་བྱེད་པའི་བརྒྱུད་རིམ། སྡེ་བ་དང་སྡོད་ཁུལ་གྱི་ནུས་ལྡན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་བརྒྱུད་རིམ་བཅས་སུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
 

ཝང་གོ་ཧྲིན་གྱིས་བསྟན་དོན། ཐེངས་འདིའི་སྡེ་བ་དང་སྡོད་ཁུལ་གྱི་སྐབས་བརྗེའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས། སྐབས་བརྗེ་བྱ་བ་བཟང་པོར་སྒྲུབ་ནས། སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་ནས་ཕན་ནུས་ལྡན་པར་ལག་བསྟར་དངོས་འབེབས་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་པ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། མཁར་གྲོང་འཕེལ་རྒྱས་དང་བརྟན་འཇགས་སུ་གཏོང་བའི་ཁག་ཐེག་ཡིན་པས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དུ་ལག་བསྟར་བྱེད་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ཚད་གཞི་སྔར་ལས་མཐོན་པོ་དང་མཐོང་རྒྱ་སྔར་ལས་ཡངས་པོས་ཏང་གཤིས་བརྟན་པ་དང་བསམ་ཕྱོགས་ཡོད་པ། ཁག་ཁུར་ཆེ་བ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་ལས་བྱེད་པ་གདམ་ནས། ཨུ་ཡོན་ལྷན་ཁང་གཉིས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་སེམས་རྟེན་དུ་འགྱུར་བར་བྱེད་དགོས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྐབས་བརྗེའི་མི་སྣ་གདམ་པའི་ཚད་གཞི་དང་བྱ་བའི་ཁ་ཕྱོགས་ནན་མོ་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ཏེ། ཆབ་སྲིད་ཐད་ནས་བློ་གཏད་ཆོག་པ་དང་། ཏང་ལ་དགའ་ཞེན་ཆེ་བ། ཏང་གི་གཙོ་འཛིན་ལ་དགའ་ཞེན་ཆེ་བ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་རྗེས་སུ་འབྲངས་པ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པའི་མི་གདམ་དགོས། མི་དམངས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ཏེ། མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ལ་ཡིད་ཆེས་པ། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མི་དང་། མང་ཚོགས་ཀྱིས་ཁས་ལེན་པ་དང་རྒྱབ་སྐྱོར་བྱེད་པའི་མི་གདམ་དགོས། ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ཏེ། ཕྱོགས་བསྡུས་ནུས་པའི་དཔྱད་འཇོག་ལ་གཙིགས་འཛིན་བྱས་ཏེ། སློབ་སྦྱོང་བྱེད་མཁས་པའི་མི་དང་། གསར་སྤེལ་གྱི་ནུས་པ་ཆེ་བའི་མི། ཁྲིམས་ལྟར་བྱ་བ་སྒྲུབ་པའི་མི། དོན་དག་སྒྲུབ་ནུས་པའི་མི་བཅས་གདམ་དགོས། ཀུན་སྤྱོད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ཏེ། དངོས་སྒྲུབ་ཀྱི་ཁ་ཕྱོགས་གསལ་བ། དཀའ་སྤྱོད་ཀྱི་སྙིང་སྟོབས་ཡོད་པ། ཀུན་སྤྱོད་གཟབ་ནན་ཡིན་པ། ལས་ལ་བརྩོན་པ། ཞིང་ལས་ལ་ཆ་རྒྱུས་ཡོད་པ། ཞིང་སྡེར་དགའ་ཞེན་ཆེ་བ། ཞིང་པར་དགའ་ཞེན་ཆེ་བ་བཅས་ཀྱི་ཕུལ་བྱུང་མི་སྣ་གདམ་ནས་གཞི་རིམ་དུ་རྐང་ཚུགས་ཏེ་གཞི་རིམ་ལ་བྱས་རྗེས་འཇོག་ཏུ་འཇུག་དགོས།

ལིའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་རེ་བ་བཏོན། ཁོས་རིམ་པ་སོ་སོའི་ཏང་ཨུས་བསམ་བློའི་ངོས་འཛིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་ནན་མོ་བྱེད་པའི་སྟེང་གཅིག་གྱུར་དང་། ཧྲུའུ་ཅི་ཝང་གོ་ཧྲིན་གྱི་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་ཐད་ཀྱི་གཏམ་བཤད་ཀྱི་ནང་དོན་སྟེང་གཅིག་གྱུར་བྱེད་དགོས་པ་མ་ཟད། དེ་སྡེ་བ་དང་སྡོད་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བའི་ཁྲོད་དུ་དངོས་འབེབས་བྱེད་པ་དང་། སྡེ་བ་དང་སྡོད་ཁུལ་གྱི་རྩ་འཛུགས་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་ཡན་གྱིས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བ་བཟང་པོར་སྒྲུབ་པར་བཀོད་སྒྲིག་ཞིབ་མོ་བྱས།
 

ཝང་ཞའོ་དང་ཐིན་ཅ་ཚེ། ཡུས་ཚུང་ལི། ཁོང་ཡུང་བཅས་གྲོས་ཚོགས་ལ་ཞུགས།