མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.11.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ཏེ་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱིས་བསམ་བློ་བར་མེད་དུ་བརྒྱན་ནས་བྱ་བར་སྐུལ་འདེད་གཏོང་དགོས་ཤིང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏད་དེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་བྱ་བ་སྒྲུབ་པའི་སྒུལ་ཤུགས་སུ་བསྒྱུར་ནས། ཤུགས་ཆེན་པོས་ལོ་མཇུག་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་རིམ་ཁག་ཚང་མ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཙུང་ལི་གཞོན་པ་ཝང་ཡང་གིས་མཚོ་སྔོན་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གནས་ཚུལ་སྙན་ཞུར་གསན་སྐབས་གནང་བའི་གསུངས་བཤད་གལ་ཆེན་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ཉེར་གཅིག་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ད་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་དང་། སང་ལོའི་བྱ་བའི་བསམ་ཕྱོགས་དང་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལོ་ངོ་གསུམ་རིང་གི་ལག་ལེན་བྱེད་ཐབས་སྙན་ཞུར་ཉན་པ་ལས་གཞན། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་དབུལ་ཐར་ཕྱིར་འབུད་འཁོར་རྒྱུག་འཆར་གཞི་དང་། དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་ཅན་དུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ་གཉིས་ལ་ཞིབ་འཇུག་བྱས།

ཝང་གོ་ཧྲིན་གྱིས་གཏན་བཤད་ཁྲོད་ད་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། རང་རྟོགས་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་རིམ་ཁག་སོ་སོར་སྣེ་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐའ་འཁྱོལ་བྱེད་དགོས་པ་དང་། དངོས་ཡོད་དང་ཟུང་དུ་སྦྲེལ་བའི་སྒོ་ནས་ཞིབ་ཕྲའི་ལས་དོན་དམ་འཛིན་བྱེད་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་བསྡུར་བ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཉེན་ཚབས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཁག་ཁུར་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཏོན་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་དེ་མགྱོགས་མྱུར་ངང་ནས་བྱ་བའི་འགན་འཁྲིར་བསྒྱུར་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་སྔར་ལས་གསར་བ་དང་ཕན་འབྲས་ལེགས་པོ་ལོན་པར་འབད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་ཐེངས་འདིའི་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་ནས་བླང་བྱ་བཏོན། ཐིན་ཅཱ་ཚའེ་དང་ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།