ལིག་ཉིང་གིས་དཔའ་ལུང་དང་ཞོན་ཧྭ་རྫོང་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས།
2017.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་གིས་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནང་ནུས་པ་རུ་བསྒྱུར་བ་དང་ཕྱིའི་སྤྱོད་ལམ་དུ་བསྒྱུར་ནས། དུས་རབས་གསར་བའི་མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ལིག་ཉིང་གིས་ཞོན་ཧྭ་རྫོང་བིས་མདོ་ཞང་གི་ཞང་དང་སྡེ་བའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་སྟོན་དུ་བཟུང་ནས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བར་གོ་བ་ཡང་དག་འདྲོངས་པར་བྱེད་དགོས་ཤིང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་མཐུན་སྦྱོར་དང་མཉམ་འབྲེལ་འཕེལ་རྒྱས། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་བ། སྤྱོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐང་དགོས་ཟེར། དེའི་རྗེས་ལིག་ཉིང་གིས་ཀ་རིང་དང་རྐང་ཚ་སོགས་ཞང་དང་སྡེ་བ་ནས། ཡུལ་བབ་དང་བསྟུན་པར་ཅིས་ཀྱང་ད་ལྟ་ད་དུང་བགོ་འགྲེམ་བྱས་མེད་པའི་མི་སྒེར་གྱི་ཞིང་ས་དང་རྩྭ་ས་སོགས་ཐུན་མོང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་ཤིང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཉམས་ཞན་གྱི་རྣམ་པ་བསྒྱུར་བའི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས་ཟེར། 

ལིག་ཉིང་གིས་དཔའ་ལུང་རྫོང་རྩ་བ་གྲོང་རྡལ་སྡོང་བོ་ལ་ཁ་སྡེ་བ་དང་ལུང་བཟང་སྡེ་བ་གཉིས་ནས། ནན་ཏན་སྒོས་སྡེ་བའི་ནང་དུ་སྡོད་པའི་ལས་བྱེད་པའི་དཔུང་སྡེ་ཡིས་ཡུལ་བབ་དང་བསྟུན་ནས་གནས་སྤོར་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། སྡོད་གནས་གསར་བར་སོང་ནས་སྡེ་དམངས་རྣམས་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། རྩ་བ་གྲོང་རྡལ་གྱི་དབུལ་སྐྱོར་གནས་སྤོར་གྱི་ལམ་ལུགས་བཟང་བོ་དང་བྱེད་ཐབས་ལེགས་པོར་སྤྱི་སྡོམ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཤེས་རབ་གཅིག་བསྡུས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས། རྒྱུན་མཐུད་ཐོན་ལས་སྟོབས་ལྡན་ཅན་དུ་བསྒྱུར་མཐར། སྡེ་དམངས་ལ་གནས་སྤོར་ལེགས་པོ་དང་ཕྱུག་འགྱུར་བཟང་བོ་བྱེད་དགོས་ཟེར།

དེའི་རྗེས་ལིག་ཉིང་སྔ་གཞུག་ཏུ་བིས་མདོ་དགོན་ཆེན་དང་རྡོ་སྦིས་གྲྭ་ཚང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྗེས་དྲན་ཁང་བཅས་སུ་སོང་ནས། དགོན་པ་དེ་དག་གི་གྲྭ་བཙུན་རྣམས་དང་ལྷན་དུ་སྙིང་ཉེ་བའི་ངང་གླེང་མོལ་བྱས་ཏེ། གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་མི་སྣའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་སྐོར་ནས་སྐུལ་མ་བཏང་བར་མ་ཟད། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་དང་། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྒྲུབ་འོས་པའི་ལས་དོན་ཅི་ཡོད་འབད་པས་བསྒྲུབ་དགོས་ཟེར།