ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆིག་ཡུང་གིས་མཚོ་སྔོན་སློབ་ཆེན་ནས་ཆེད་དོན་སྙན་ཞུ་ཕུལ།
2017.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་དང་། ཀྲུང་གོ་ཚན་རིག་སློབ་གླིང་གི་ཡོན་ཧྲི་ཆིག་ཡུང་གིས་མཚོ་སྔོན་སློབ་ཆེན་ནས། ཕུལ་བྱུང་གཉིས་འཛུགས་སྐྲུན་དང་དངོས་གཞི་རིམ་པའི་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་ཆེད་དོན་སྙན་ཞུ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཆིག་ཡུང་གིས་སྙན་ཞུ་ཚོགས་འདུའི་སྟེང་དུ། ཕུལ་བྱུང་གཉིས་འཛུགས་སྐྲུན་དང་དངོས་གཞི་རིམ་པའི་སློབ་གསོ་བཅོས་སྒྱུར་ཞེས་པ་བརྗོད་གཞིར་བཟུང་ནས། དུས་རབས་གསར་བ་དང་རྣམ་པ་གསར་བ། ཆིན་ཧྭ་སློབ་ཆེན་གྱི་བརྒྱ་ལོ་གསར་བ། ཕུལ་བྱུང་གཉིས་དང་གཉིས་གཅིག་གཅིག དགུ་བརྒྱད་ལྔ། ཕུལ་བྱུང་གཉིས་འཛུགས་སྐྲུན་བྱ་བའི་ཆོས་ཉིད་དང་ཚད་གཞི། རྒྱལ་སྤྱིའི་ཕུལ་བྱུང་གཉིས་ཀྱི་སློབ་ཆེན་འཛུགས་སྐྲུན་སོགས་ཕྱོགས་བཅོ་ལྔའི་ཐད་ནས་ཆིན་ཧྭ་སློབ་ཆེན་ལྟ་བུའི་སློབ་ཆེན་ཕུལ་བྱུང་གཉེར་བའི་དོན་སྙིང་དང་དམིགས་འབེན། འགན་འཁྲི་དང་བྱེད་ཐབས་བཅས་འགྲེལ་བརྗོད་བྱས་པར་མ་ཟད། ཚོགས་ཞུགས་མི་སྣ་དང་ལྷན་དུ་ཆིན་ཧྭ་སློབ་ཆེན་འཛུགས་སྐྲུན་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་བྱས། དུས་མཚུངས་སུ་ཆིན་ཧྭ་སློབ་ཆེན་གྱི་དངོས་གཞི་རིམ་པའི་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་འདུ་ཤེས་དང་ལེགས་འགྲུབ་བྱུང་བའི་ཉམས་མྱོང་མཚམས་སྦྱོར་བྱས་ཏེ། མཚོ་སྔོན་སློབ་ཆེན་གྱིས་དངོས་གཞི་རིམ་པའི་སློབ་གསོ་བཟང་བོར་བསྒྲུབ་པ་དང་། དཔྱད་ཞིབ་དཔྱད་འཇོག་ཡག་པོ་བྱེད་པར་ཕན་པའི་འདུ་ཤེས་དང་བསམ་བློ བྱེད་ཐབས། བྱ་བའི་གནད་ས་བཅས་འདོན་སྤྲོད་བྱས། སྙན་ཞུ་ཚོགས་འདུའི་སྟེང་དུ། སློབ་གཙོ་ཆིག་ཡུང་གིས་མཚོ་སྔོན་སློབ་ཆེན་གྱི་དགེ་སློབ་རྣམས་དང་ལྷན་དུ་གླེང་མོལ་བྱས།

ལིག་ཉིང་གིས་སྙན་ཞུ་མཇུག་རྫོགས་མ་ཐག་ཏུ་སྤྲོ་སེམས་འཁོལ་བའི་ངང་ནས་ཤིས་ཚིག་ཕུལ་ཏེ། ཆིན་ཧྭ་སློབ་ཆེན་གྱིས་ལོ་ངོ་དུ་མའི་རིང་ལ་མཚོ་སྔོན་སློབ་ཆེན་གྱི་བྱ་བར་རྒྱབ་སྐྱོར་རོགས་འདེགས་བྱས་པར་བཀའ་དྲིན་ཞུས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་སྲོལ་ལྟར་ཆིན་ཧྭ་སློབ་ཆེན་གྱིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་བྱ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར། ཁོས་བཤད་རྒྱུར། དུས་རབས་གསར་བར་རྣམ་བ་དང་བྱེད་ཕྱོགས་གསར་བ་མཁོ་ཞིང་། མཚོ་སྔོན་སློབ་ཆེན་གྱིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཕུལ་བྱུང་གཉིས་ཀྱི་འཛུགས་སྐྲུན་བླང་བྱ་ལྟར། ཆིན་ཧྭ་སློབ་ཆེན་གྱི་རྒྱབ་སྐྱོར་འོག་ཏུ། མཚོ་སྔོན་རང་སྟེང་གི་དགེ་མཚན་དང་ཁྱད་ཆོས་དངོས་ལ་རྐང་བཙུགས་ཏེ། མཉམ་ལས་ལམ་ལུགས་གསར་གཏོད་དང་འབྲེལ་གཏུག་བརྗེ་རེས་བྱ་བར་ཤུགས་བསྣན་མཐར། ཕུལ་བྱུང་གཉིས་ཀྱི་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།