མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་དང་སྐུལ་སློང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་དང་སྐུལ་སློང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཟི་ལིང་བདེ་ལེགས་ངང་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དུ་བསྒྱུར་བ་དེ་ལས་དོན་ཡོངས་ཀྱི་རྐང་འཛུགས་སར་བརྩིས་ཏེ། གོ་སྐབས་དམ་འཛིན་དང་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་འཛིན་པར་འབད་དེ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བཏོད་ཐུབ་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ཏེ། དུས་ཡུན་རིང་བོར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་གནས་སྟེང་ནས་འབད་འཐབ་བྱས་པའི་བློ་མཐུན་རྣམས་ལ་སྙིང་ཉེ་བའི་སྒོ་ནས་འཚམས་འདྲི་བྱས་པར་མ་ཟད། མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་། ཁྱད་པར་དུ་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་ཏེ། བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་ལས་འགུལ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་རྒྱུན་མ་ཆད་པའི་སྒོ་ནས་འཕེལ་རྒྱས་གསར་བ་བྱུང་བར་མ་ཟད། མཚོ་སྔོན་གྱི་འཕེལ་རྒྱས་རྣམ་པ་གསར་བ་བཏོད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ང་ཚོས་མ་འོངས་པའི་ལས་དོན་ཁྲོད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་རང་གི་ནང་སེམས་བར་མེད་དུ་བརྒྱན་ནས། ངེས་པར་ཐོག་མཐའ་བར་གསུམ་ཀུན་ཏུ་དམ་པོར་འཛིན་དགོས་པ་གཉིས་དང་ཕྱོགས་གཉིས་ཀ་བརྟན་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཐོག་མཐའ་བར་གསུན་ཀུན་ཏུ་མང་ཚོགས་ལ་ཁྱབ་ཆེ་བའི་སྒོ་ནས་སྐུལ་སློང་བྱས་ཏེ། མང་ཚོགས་དང་དམ་དུ་འབྲེལ་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་ཀུན་ཏུ་བྱས་རྗེས་ཆད་མེད་འཇོག་པ་དང་རྒྱུན་འཛིན་ལྷོད་མེད་བྱེད་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་ཀུན་ལ་སློབ་སྦྱོང་གི་ཁྲོད་ནས་ལས་དོན་གཉེར་བ་དང་། ལས་དོན་གཉེར་བའི་དུས་མཚུངས་སུ་སློབ་སྦྱོང་མི་འདོར་བ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་ལས་དོན་ལ་བསམ་པའི་སྒུལ་ཤུགས་འཛད་མེད་འདོན་སྤྲོད་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་སྔར་ལས་ཇེ་མཐོར་གཏོད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཡུལ་ཁམས་གསར་བ་བཏོད་པར་གོ་བ་ཡང་དག་ལེན་དགོས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བཏོན་པའི་བླང་བྱ་གསར་བར་གོ་བ་མ་ནོར་བ་བླངས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བཏོན་པའི་སྒུལ་ཤུགས་གསར་བར་གོ་བ་གཏིང་ཟབ་ལེན་དགོས། རིགས་སོ་སོའི་མང་ཚོགས་ཡོངས་ཀྱི་བདེ་སྐྱིད་འཚོ་བའི་རེ་ལྟོས་གསར་བར་དམིགས་ནས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྟོག་ཞིབ་ཆེན་པོ་བྱས་ཏེ། སྔོན་ཐོན་ཉམས་མྱོང་ལ་སྤྱི་སྡོམ་དང་གནད་དོན་འབུར་ཐོན་རྩད་གཅོད་བྱེད་པ། ལག་བསྟར་བྱེད་རུང་བའི་བྱེད་ཐབས་གཏན་འབེབས་བྱེད་པ། ལས་དོན་རེ་རེ་བྱས་ནས་སྒྲུབ་པ་བཅས་ལ་འབད་མཐར། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས། མཚོ་སྔོན་འཛུགས་སྐྲུན་ལ་མི་སེམས་གོང་བུ་གཅིག་གྱུར་བྱེད་པ་དང་བསམ་བློ་ཀུན་སྤྱོད་གྱི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་མཐར། རྒྱུན་མ་ཆད་པའི་སྒོ་ནས་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལྟེ་གནད་བྱ་བ་དཀྱིལ་སྙིང་དུ་བཟུང་ནས་སྐུལ་འདེད་གཏོང་དགོས་ཤིང་། བར་མ་ཆད་པའི་སྒོ་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་ནས། འགྲོས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྒུག་ཤུགས་ཆེན་པོ། ཀུན་སྤྱོད་གཙང་མ། རིག་གནས་ཀྱི་ཆ་རྐྱེན་ལེགས་པོ་བཅས་འདོན་སྤྲོད་བྱེད་དགོས། གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་གསར་བ་ལག་བསྟར་དངོས་འབེབས་བྱས་ཏེ། ཤུགས་ཆེན་པོས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་ཕོད་པའི་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱེད་དགོས། གཉིས་ནས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་ནང་གནས་ཀྱི་བླང་བྱར་གོ་བ་ཡང་དག་ལེན་དགོས། གསུམ་ནས་ཟི་ལིང་གྲོང་ཁྱེར་གསར་འཛུགས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། དཔལ་ཡོན་གསར་འཛུགས་བྱ་བ་གཏིང་ཟབ་ས་དང་རྒྱ་ཆེ་སར་སྤེལ་དགོས། བཞི་ནས་མི་དམངས་ལྟེ་བ་ཡིན་པ་འབུར་དུ་ཐོན་པར་བྱས་ཏེ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཤུགས་ཆེན་བྱེད་དགོས། ལྔ་ནས་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་བ་དམ་འཛིན་བྱས་ཏེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་གསོན་ཤུགས་ཀུན་ནས་རྒྱས་པར་བྱེད་དགོས་ཟེར།

ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་ནས་བླང་བྱ་ནན་མོ་བཏོན། ཁོས་ནན་གྱིས་བསྟན་དོན། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བཏོན་པའི་བླང་བྱ་གསར་བ་དང་དམིགས་འབེན་གསར་བར་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། གཉིས་ནས་གཅིག་གྱུར་སྒོས་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་བྱ་བ་ཡར་ལྡན་དུ་སྤེལ་དགོས། གསུམ་ནས་གནད་ས་འབུར་ཐོན་ངང་འཛིན་དགོས་པ་དང་ཞན་ཆ་དུས་ལྟར་ཁ་གསབ་བྱེད་པ། ལས་གཞི་དྲག་ཞན་ལ་མ་བལྟས་པར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བཞི་ནས་མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་ལག་ལེན་ཁྲོད་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་རྣམ་པ་གསར་བ་བཏོད་དགོས་ཟེར།

ཚོགས་ཐོག་ནས་ཝང་གོ་ཧྲིན་སོགས་འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་གྱི་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་དགའ་ཐོབ་པའི་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་བྱ་དགའ་བྱིན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་མཚོ་སྔོན་གྱི་རབས་གསར་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་སྡེ་གྲོང་། དཔལ་ཡོན་ལས་ཁུངས། དཔལ་ཡོན་སློབ་གླིང་། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་གྲོང་ཁྱེར། སྔོན་ཐོན་ལས་ཁུངས། སྔོན་ཐོན་ལས་གཉེར་བ། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་བཅས་ཀྱི་ཐག་གཅོད་ཅེས་པ་སྒྲོག་འདོན་བྱས།

ཝང་ཞའོ་དང་ཀྲང་ཞི་མེན། ཝང་ཡུས་པོ། ཡུས་ཚུང་ལི། སུའུ་ཉིན། ཧན་ཅན་ཧྭ། རིན་ཆེན་རྣམ་རྒྱལ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།