ཝང་གོ་ཧྲིན་གྱིས་ནན་ཁྲོན་བཟོ་ལས་ར་བའི་བོད་ལུགས་ས་གདན་ཐོན་ལས་ལ་རྟོག་ཞིབ་བྱས།
2017.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་ནན་ཁྲོན་བཟོ་ལས་ར་བར་སོང་ནས། བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་རང་གི་བསམ་བློར་དྲག་ཆས་སྤྲས་པ་དང་། དེས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་བསྟུན་དགོས་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་དང་ལག་རྩལ་བཅོས་སྒྱུར་འཕེལ་ཕྱོགས་ལ་གོ་བ་ཡང་དག་ལེན་དགོས། དཔལ་དབྱོར་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དངོས་ཕུང་དཔལ་འབྱོར་གྱི་སྟེང་དུ་བསྒྱུར་ནས། ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པ་ལས་གཞན། བར་མ་ཆད་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། བོད་ལུགས་ས་གདན་ནི་ཁྱད་ལྡན་དགེ་མཚན་གྱིས་ཕྱུག་པའི་ཐོན་ལས་ཤིག་ཡིན་པ་དང་། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་དངོས་རྫས་གལ་ཆེན་ཞིག་ཀྱང་ཡིན། གསར་གཏོད་སྐུལ་སྤེལ་གྱི་འཐབ་ཇུས་ལག་ལེན་ཟབ་མོ་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་དང་གྲོང་ཁྱེར་གྱི་དགོས་མཁོར་དམིགས་ཏེ། སྔོན་ཐོན་ལག་རྩལ་དང་སྔོན་ཐོན་དོ་དམ་བྱེད་ཐབས། སྔོན་ཐོན་གྱི་རྣམ་པ་བཅས་ཧུར་བརྩོན་ཆེན་པོས་ནང་འདྲེན་བྱས་ཏེ། ཁེ་ལས་ཚུལ་སྒྱུར་རིམ་སྤོར་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་ནས། རིག་གནས་ཐོན་རྫས་གྲགས་ཅན་དང་ཁྱད་ལྡན་ཐོན་རྫས་གྲགས་ཅན། ལྗང་མདོག་ཐོན་རྫས་གྲགས་ཅན་བཅས་བཟང་བོར་གཉེར་ཏེ། དར་གོས་ཚོང་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་བརྗེ་རེས་དང་འགྲིམ་འགྲུལ་འཁོར་རིམ་ཁྲོད་ནས་ཡུལ་ཁམས་གསར་བ་ཞིག་བཏོད་པར་འབད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། དམིགས་འབེན་གསར་བ། བླང་བྱ་གསར་བ་བཅས་ལ་གོ་བ་ཡང་དག་ལེན་དགོས་པར་མ་ཟད། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཡིད་ལ་བརྟན་པོར་ཉར་ནས། ཚན་རིག་གི་ལམ་ནས་ལོ་རྒྱུས་ཀྱི་གོ་གནས་གསར་བར་ངོས་འཛིན་གང་ལེགས་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལས་དོན་གཙོ་གནད་དུ་བཟུང་ནས། ཤུགས་ཆེན་པོས་གནད་ས་དམ་འཛིན་དང་ཞན་ཆ་གསབ་པ། ལས་གཞི་དྲག་ཞན་ལ་མ་བལྟས་པར་འཛིན་དགོས། དཔལ་འབྱོར་བདེ་ཐང་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ། ཁེ་ལས་པའི་སྙིང་སྟོབས་ལ་སྐུལ་སློང་དང་སྲུང་སྐྱོབ་བྱེད་དགོས་ཤིང་། ཁེ་ལས་ལ་སྲིད་ཇུས་དང་མ་དངུལ། ལག་རྩལ། འཇོན་མི་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཅི་ཐུབ་བྱེད་དགོས་ཟེར།