ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་ལ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས།
2017.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་ཟླ་དགུ་བའི་ཚེས་བརྒྱད་ཉིན་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་དུ་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད་ལྟ་ཞིབ་བསམ་འཆར་དུ་འགྱུར་བར་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ལྟ་ཞིབ་ཚན་ཁག་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་གནས་ཚུལ་ཕྱིར་ལྡོག་བྱས། ཕྱིར་ལྡོག་ཚོགས་འདུར་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཤིང་། ཚན་གཙོ་ཡང་སུན་གྱིས་ལྟ་ཞིབ་བསམ་འཆར་ཡར་ཞུ་བྱས་པ་དང་། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད། ཚན་གཙོ་གཞོན་པ་ཧོང་རོང་ཆིག་དང་ལྟ་ཞིབ་ཚན་ཁག་གི་འབྲེལ་ཡོད་མི་སྣ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

གནས་ཚུལ་ཕྱིར་ལྡོག་ཚོགས་འདུའི་སྟེང་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་ལ། དེ་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་གོ་གནས་གལ་ཆེན་ཟིན་ཡོད། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ནའང་ཁྱབ་ཁོངས་དང་ས་གནས་ཁ་ཤས་སུ་སྐྱེ་ཁམས་ཁོར་ཡུག་གནད་དོན་སྔར་བཞིན་གནས་ཡོད། གཅིག སྐྱེ་ཁམས་གཙོར་འཛིན་གྱི་འདུ་ཤེས་ཆགས་པ་དེ་འདྲའི་སྲ་བརྟན་མིན་པ་དང་སྲུང་སྐྱོབ་སྐྱུར་ནས་འཕེལ་རྒྱས་འཛིན་པའི་གནད་དོན་སྔར་བཞིན་གནས་ཡོད། གཉིས། རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཁྲིམས་འགལ་གནས་སྐོར་གསར་སྤེལ་གནད་དོན་འབུར་ཐོན་ཡིན་པ་དང་སྐྱེ་ཁམས་སླར་གསོ་བྱས་ཚད་ཧ་ཅང་དལ། གསུམ། འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཁ་ཤས་ད་དུང་ནུས་ལྡན་སྒོས་ཐག་གཅོད་བྱས་མེད།

གནས་ཚུལ་ཕྱིར་ལྡོག་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། རྦད་ཆོད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་དགོས། སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ། མུ་མཐུད་དུ་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པ་དང་། མཚོ་སྔོན་པོ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་དང་སྲུང་སྐྱོབ་རྐྱེན་སྲོལ་བཙུགས་ནས། གོ་རིམ་ལྡན་པའི་སྒོ་ནས་རི་ཆུ་ནགས་གསུམ་དང་མཚེའུ་སོགས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་དགོས། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ་ལྟ་ཞིབ་ཁྲོད་རྩད་ཆོད་པའི་གནད་དོན་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་དགོས་པར་མ་ཟད་འབྲེལ་ཡོད་གཏན་འཁེལ་ལྟར་འགན་འདྲི་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

གནས་ཚུལ་ཕྱིར་ལྡོག་ཚོགས་འདུའི་སྟེང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོད་ལྟའི་ལག་བསྟར་ཇུས་གཞིའི་རེ་བ་ལྟར། དག་ཐེར་བཅོས་སྒྱུར་ཇུས་གཞི་ལ་མྱུར་དུ་ཞིབ་འཇུག་དང་གཏན་འཁེལ་བྱས་ཏེ། ཉིན་སུམ་ཅུའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱེད་དགོས། དག་ཐེར་བཅོས་སྒྱུར་ཇུས་གཞི་དང་དག་ཐེར་བཅོས་སྒྱུར་དངོས་འབེབས་གནས་ཚུལ་འབྲེལ་ཡོད་གཏན་འཁེལ་ལྟར་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་དགོས་ཟེར།