མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་བཅོ་བརྒྱད་པའི་ཁོངས་མིར་དགའ་བསུ་དང་ཟབ་སྦྱོང་བྱེད་པའི་ཚོགས་འདུ་བསྡུས།
2017.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་བཅོ་བརྒྱད་པའི་ཁོངས་མིར་དགའ་བསུ་དང་ཟབ་སྦྱོང་བྱེད་པའི་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་དང་བརྟན་འཇགས། ཐོན་ཁུངས་གསོག་འཇོག་བཅས་ཀྱི་འགན་འཁྲི་དམིགས་བསལ་ཡིན་པ་དང་། རྒྱལ་ཁབ་སྐྱེ་ཁམས་ཀྱི་བདེ་འཇགས་ལྕགས་རི་གལ་ཆེན་དང་འཐབ་ཇུས་ཐོན་ཁུངས་ཀྱི་རྒྱུན་མཐུད་ས་ཡིན་པས། རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་འགན་འཁྲི་དམིགས་བསལ་ཕྲག་སྟེང་དུ་བླངས་ཡོད་པར་མ་ཟད། རྒྱ་ཆེ་བའི་འཇོན་མི་རྣམས་ཀྱིས་ཤེས་རབ་ཀྱི་འོད་ཟེར་འགྲེམ་སའི་གར་སྟེགས་རྒྱ་ཆེ་བ་ཞིག་ཀྱང་ཡིན། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ལས་སྒོ་སྤེལ་བ་ནས་བཟུང་། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་དོན་ལ་ཤེས་རབ་དང་སྟོབས་ཤུགས་ཕུལ་ཡོད་ཟེར།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། འདིར་བཞུགས་ཀྱི་འབུམ་རམས་པ་རྣམས་ཀྱིས་མཚོ་སྔོན་ལ་ཞབས་འདེགས་ཞུ་རྒྱུ་ནི་མི་ཚེའི་གོ་རིམ་ཁྲོད་ཀྱི་སྦྱོང་བརྡར་གལ་ཆེན་དང་བྱ་བ་དོན་སྙིང་ལྡན་པ་ཞིག་ཏུ་བརྩིས་ཏེ། དཀའ་སྤྱད་འབད་འཐབ་ཀྱི་ཁྲོད་ནས་མི་ཚེའི་མྱོང་རྟོགས་མཐོ་རུ་གཏོང་དགོས་ཤིང་། མི་ཚེའི་བསམ་རྒྱ་ཆེ་རུ་བསྐྱེད་དགོས་པར་མ་ཟད། མཚོ་སྔོན་གྱི་སྒོ་འབྱེད་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་དཀྱིལ་སྙིང་དུ་བཟུང་ནས། སྤོབས་པ་ཆེན་པོས་གསར་གཏོད་བྱེད་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། བརྗོད་གཞིར་ཞིབ་འཇུག་བྱེད་པ། དཔེ་སྟོན་ལ་མཛུབ་སྟོན་བྱེད་པ། ཆེད་དོན་ཟབ་སྦྱོང་བསྒྲུབ་པ་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ། ཚད་གཞི་མཐོ་ལ་རིམ་པ་མང་བའི་ས་གནས་རང་གི་ཆེད་ལས་འཇོན་མི་དང་འཇོན་མིའི་ཚོགས་པ་ཞིག་བསྐྲུན་དགོས། རང་སྟེང་དང་ལས་ཁུངས་ཀྱི་དགེ་མཚོན་ལ་བརྟེན་ནས། ཧུར་བརྩོན་ཆེན་པོས་འབྲེལ་ཟམ་འཛུགས་པ་དང་། འཇོན་ཐང་མི་སྣ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་ཐོན་ཁུངས་སྔར་ལས་མང་པོ་ཞིག་ལ་སྣེ་ཁྲིད་བྱེད་དགོས་ཟེར།