ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2017.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། མཐོ་སར་བུད་དེ་མིག་གིས་རྒྱང་རིང་ལ་བལྟ་བ་དང་རྐང་བ་བརྟན་སར་སྤོ་བ། བྱེད་ནུས་མཐོར་འདེགས་གཏོང་བ་བཅས་ལ་འབད་དེ། བློ་བརྟན་འགྱུར་མེད་ངང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཟེར།

ཝང་ཡུས་པོ་ཡིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ད་ལོའི་བྱ་བར་སྤྱི་སྡོམ་དང་མ་འོངས་པའི་བྱ་བར་འཆར་གཞི་འཐེན། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་མཐོ་རིམ་སློབ་གྲྭའི་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་ཆེན་བཟང་བོ་གཉེར་བའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་ཆོས་ཉིད། སྤྱིའི་ཐབས་ཇུས་བཅས་ཡིན་པས། ངེས་པར་དུ་དེར་གོ་བ་ཡང་དག་ལེན་དགོས་པ་དང་ངོས་འཛིན་མ་ནོར་བ་བྱེད་པ། བློ་རྩ་བརྟན་པོའི་སྒོ་ནས་ལག་ལེན་ལ་འདེབས་པ་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ས་རུ་འགྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭ་ཁག་གིས་མཚོ་སྔོན་ནས་རྐང་བཙུགས་ཏེ། ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་གདམས་པའི། མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་སློབ་སྒྲུབ་བླང་བྱ་ལྟར་དུ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་དང་། སློབ་སྒྲུབ་འདུ་ཤེས་ཚུལ་སྒྱུར་བྱས་ཏེ། བར་མ་ཆད་པའི་སྒོ་ནས་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་བཏང་ནས། མཚོ་སྔོན་ལ་འཇོན་ཐང་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་མཐར། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་བྱས་རྗེས་འཇོག་དགོས་ཟེར།