ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་བཅོས་བསྒྱུར་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།
2017.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་སུ་སོང་ནས། འཁྲབ་སྟོན་མི་སྣ་ལ་འཚམས་འདྲི་བྱས་པ་དང་། མཚོ་སྔོན་གྱི་རིག་རྩལ་བཅོས་བསྒྱུར་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་གཙོར་བྱས་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་དོན་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྤུས་ལེགས་བརྩམས་ཆོས་མང་པོ་རྩོམ་པ་དང་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཁ་སྣོན་བྱེད་པའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་དགོས་ཟེར།

འཁྲབ་སྟོན་སྡེ་ཚོགས་ཀྱི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ལུའུ་ཞའོ་ཧྭ་དང་ཁྲིན་ཝེ་ཉན། ཝང་གོ་ལེན། ཧྲིན་ཏི་ཁྲིན། སི་ཚེ་རིང་བཅས་ཀྱིས་སྔ་གཞུག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལུགས་གསར་རྙིང་ལོ་སར་སྐབས་ཀྱི་རིག་རྩལ་འཁྲབ་སྟོན་བྱ་འགུལ་ལ་བཀོད་སྒྲིག་བྱེད་པ། རིག་གནས་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་སོགས་ཀྱི་ཐད་ནས་གཏམ་བཤད་སྤེལ། ཝང་གོ་ཧྲིན་གྱིས་ཚང་མ་དང་མཉམ་དུ་གནས་བབ་ལ་དབྱེ་ཞིབ་་དང་གནད་དོན་ལ་བགྲོ་གླེང་བྱས་པ་མ་ཟད། བྱེད་ཐབས་ལ་ཞིབ་འཇུག་བྱས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མི་ཚོའི་བསམ་པའི་རིག་གནས་ཐད་ཀྱི་དགོས་མཁོ་སྔར་ལས་ཇེ་ཆེར་སོང་ལ། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཏང་གི་རིག་རྩལ་བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་ཀྱི་འགན་འཁྲི་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པ། རིག་གནས་སྒྱུ་རྩལ་བརྩམས་ཆོས་ཀྱི་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྤོབས་སེམས་དང་ཡིད་ཆེས་སེམས་པ། དྲང་ཕྱོགས་ཀྱི་ནུས་ཚད་ཇེ་དྲག་ཏུ་གཏོང་དགོས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྲིག་གཞི་བཅོས་བསྒྱུར་ད་དུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན་པ་དང་། ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་གྱི་སྙིང་སྟོབས་དང་ཚོང་རའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་འཁྲབ་སྟོན་སྡེ་ཚོགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་དགོས། ལྟད་མོ་བ་གཙོར་བྱེད་པ་དང་། ཚོང་ར་ཁ་ཕྱོགས་སུ་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། ནང་དུ་འདྲེན་པ་དང་ཕྱིར་བསྐྱོད་པ། འཁྲབ་སྟོན་མི་སྣའི་སྤོབས་སེམས་ཆེར་སྐྱེད་པ། རིག་རྩལ་གླིང་དང་སྡེ་ཚོགས་ཀྱི་གསར་རྩོམ་གསོན་ཤུགས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་རང་ས་གནས་ཀྱི་རིག་གནས་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་པ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་རིག་རྩལ་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིག་རྩལ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། སྲིད་གཞུང་གི་བཅོས་བསྒྱུར་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། རིག་རྩལ་སྡེ་ཚོགས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནང་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཧུར་ཐག་གིས་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཐད་ཀྱི་གཅིག་གྱུར་མངོན་འགྱུར་བྱས་ཏེ། རིག་རྩལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ཡུས་ཚོང་ལི་དང་ཧན་ཅན་ཧྭ་གཉིས་རྟོག་ཞིབ་ལ་ཞུགས།