ཟླ་དང་པོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲིད་སྟོན་དུ་འཛིན་དགོས་པ་དང་། ནན་ཏན་སྒོས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཉིས་ལག་བསྟར་ནན་མོ་བྱེད་དགོས་པ་ལས་གཞན། ཞིང་སྡེ་ཡི་རིན་ཐང་ལ་ངོས་ཟིན་ཡང་དག་ལེན་པ་དང་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པ་ལ་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས་རྟོག་ཞིབ་ནན་མོ་བྱེད་དགོས་ཤིང་། མཚོ་སྔོན་གྱི་ཞང་དང་སྡེ་བ་བསྐྱར་དར་ཡོང་བར་བྱེད་པའི་འཐབ་ཇུས་དང་སྒྲིག་ལུགས་དམ་པོར་འཛིན་དགོས། ཞང་དང་སྡེ་བ་བསྐྱར་དར་ཡོང་བར་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་དམ་པོར་འཛིན་དགོས་ཤིང་། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་སྡོད་སྟབས་བདེ་ཅན་དུ་གཏོང་བ། ཞང་གི་སྲོལ་ལུགས་དང་དཔལ་ཡོན་ཡར་རྒྱས་སུ་གཏོང་བ། ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་གཏོང་བ། འཚོ་བ་ཕྱུག་པོ་ཅན་དུ་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་དུ། ཞིང་ཕྱུགས་ལས་རིགས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཤིང་། རོང་འབྲོག་ས་ཁུལ་གྱི་རིག་གནས་དར་རྒྱས་གཏོང་དགོས་པར་མ་ཟད། ཞང་དང་སྡེ་བའི་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དེ་མིན་ད་དུང་རོང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་གཏོང་བར་འབད་དེ། དམངས་ཚིས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ་དང་སྒྲིག་ལུགས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་ཞིང་ཕྱུགས་ལས་རིགས་དང་རོང་འབྲོག་ས་ཁུལ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་བཏང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་རྩ་འཛུགས་བྱ་བའི་ལས་རིམ་ཧྲིལ་བོའི་ཁྲོད་དུ་བརྒྱུས་ཏེ། ལངས་ཕྱོགས་གསལ་བོ་ཅན་གྱི་མི་བཀོལ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ལས་བྱེད་པ་བཟང་བོའི་ཚད་གཞི་ལྔ་རྒྱུན་འཁྱོངས་བྱེད་པ། བར་མ་ཆད་པའི་སྒོ་ནས་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་མཐར། སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས། ལག་ལེན་དང་བདེན་འཛིན་གྱི་ཕན་འབྲས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལྟེ་གནས་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། དཔེ་སྟོན་སྣེ་འདོམས་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དོ་དམ་ནན་མོ་དང་བརྩེ་བ་ཟམ་མོ་གཉིས་གཞི་གཅིག་ཏུ་སྦྲེལ་ནས། བདེ་ཐང་དང་འཐུས་སྒོ་ཚང་བའི་ལམ་ལུགས་ཤིག་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེ་བའི་ལས་བྱེད་པ་ཡི་ལས་སྒྲུབ་དང་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་དགོས་ཟེར།
གྲོས་ཚོགས་ལས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་ལས་དོན་སྙན་ཞུར་ཉན་པ་དང་། ལས་ཁུངས་དེ་དག་གིས་འདས་པའི་ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་རིམ་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་ཡང་དག་བྱས། གྲོས་ཚོགས་ལས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པ་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱིས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་དགོས་པ་དང་། དེས་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་གྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་གྱིས་ལས་དོན་སྤྱི་ལ་བཀོད་འདོམས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་ཤུགས་བསྣན་ནས། འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། ལས་བྱེད་པའི་དཔུང་སྡེ་རྒྱ་སྐྱེད་པ་བཅས་ལ་ཤུགས་བསྣན་ནས། མཚོ་སྔོན་གསར་བ་བསྐྲུན་པར་ཁོར་ཡུག་ལེགས་པོ་དང་སྟོབས་ཤུགས་ཆེན་པོ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།
གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་སྐོར་གྱི་གཏན་འབེབས་དུ་མ་ཞེས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་གི་བྱ་བའི་སྒྲིག་སྲོལ་ཇུས་ཆོད་ལག་བསྟར་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གནས་བབ་གསར་བའི་འོག་གི་ཏང་གི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་བཅས་ལ་གྲོས་མོལ་བརྒྱུད་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།