ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་སྐོར་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་གཉིས་ཀྱི་བསམ་འཆར་དང
2018.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 སྤྱི་ལུགས་ལོ་སར་གྱི་སྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་ཆེད་དུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་གཉིས་ཡོད་སར་སོང་ནས། སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་ཀྱི་བརྡ་ཐོ། སྲིད་གཞུང་གི་བྱ་བ། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་བཅས་ཀྱི་སྐོར་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གཉིས་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་སུའུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་ལའོ་ཁྲའོ་དབྱང་། པོ་ཡུས་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཀྲང་ཧྲིག་ཁྲིན། ཅིས་རིན་ཧྥུན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དམིགས་ཨུ་ཡོན་ལྷན་ཁང་སོ་སོ་དང་གཞུང་སྒྲུབ་ཐིན་གྱི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཝང་ཡུས་པོ་དང་ཡན་ཅིན་ཧེ་གཉིས་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན།

ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལས་དོན་སྤྱི་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་སའི་ཁྱབ་ཁོངས། དཀའ་གནད་བཅས་དཀྱིལ་སྙིང་དུ་བཟུང་ནས། ཞིང་ཆེན་སྲིད་གཞུང་གི་བྱ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དཀྱིལ་སྙིང་དུ་བཟུང་སྟེ། འཛེམ་ཟོན་མེད་པའི་སྒོ་ནས་བསམ་འཆར་བཏོན། ཚང་མས་མགྲིག་གཅིག་ཏུ་བཞེད་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་གིས་ཀྲུང་དབྱང་གི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཡོད་ཅིང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་མཐའ་འཁྱོལ་བྱས་ཡོད་པས། དེ་ནི་དུས་རབས་ཀྱི་བླང་བྱ་དང་མཐུན་ཞིང་། དེས་མང་ཚོགས་ཀྱི་སེམས་འདུན་ལ་ཨ་ལན་བྱིན་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ལས་རིམ་ཁག་སོ་སོའི་བྱ་བར་དཔྱད་འཇོག་ཡག་པོ་བྱས་པར་མ་ཟད། མཁྲེགས་གཏོར་ལས་གཞི་ཆེན་པོ་གསུམ་བསྒྲུབ་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལས་དོན་ཡར་ལྡན་དུ་སྤེལ་བ། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་ལ་ཤུགས་སྣོན་པ། མཁར་གྲོང་གི་ས་ཁོངས་གཅིག་གྱུར་བཀོད་སྒྲིག་དམ་པོར་འཛིན་པ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཝང་ཅན་ཅོན་གྱིས་ཞིང་ཆེན་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཚང་མས་འགན་འཁྲི་ཕྲག་སྟེང་དུ་བླངས་པ་དང་བརྩེ་དུང་ཟོལ་མེད་བཅངས་ནས། དོན་ལ་གནས་པའི་བསམ་འཆར་བཏོན་པར་ཕན་འབྲས་ངེས་ཅན་ལྡན། བློ་མཐུན་རྣམས་ཀྱིས་སྲིད་གཞུང་བྱ་བར་སྐུལ་སློང་དང་ཁས་ལེན་བྱས་པ་ནི། ང་ཚོའི་མ་འོངས་པའི་ལས་དོན་གྱི་སྒུལ་ཤུགས་སུ་བརྩིས་ཆོག་ཟེར།
ཟླ་དང་པོའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཝང་ཅན་ཅོན་གྱིས་འགོ་འཛིན་བྱས་ཏེ་དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་སྐོར་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཝང་ཡུས་པོ་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན་པ་དང་། ཁོང་ཡུང་དང་པོ་ཡུས་ཀྲི་གཉིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།