ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་གཏམ་གལ་ཆེན་བཤད།
2018.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་དང་པོའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་དང་། ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ལ་བརྩོན་པ་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་སུ་བཏང་ནས།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་འཇོག་ཐུབ་དགོས་ཟེར།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་ཡུས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཝང་ཞའོ་དང་ཝང་ཡུས་པོ། ཝང་ཡུས་ཡན། ཡུས་ཚུང་ལི། སུའུ་ཉིན། ཧན་ཅིན་ཧྭ། པོ་ཡུས་ཀྲི་བཅས་ཚོགས་འདུར་ཞུགས། ཀྲང་ཞི་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས།

སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་ཚོགས་ཆེན་དངོས་སུ་མགོ་བརྩམས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་ཚོགས་ཆེན་དངོས་སུ་མགོ་བརྩམས་པར་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ཤིང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བཀའ་དྲིན་ཞུས་པར་མ་ཟད། གཟེངས་བསྟོད་ཐོབ་པའི་བློ་མཐུན་དང་ཚོགས་ཞུགས་འཐུས་མི་ཡོངས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་སྐོར་གྱི་ལས་ཀ་གཉེར་མཁན་བཅས་ལ་གུས་འདུད་བླ་མེད་བྱས་པ་ལས་གཞན། ཁོ་ཚོར་སྙིང་ཉེ་བའི་ངང་ནས་འཚམས་འདྲི་བྱས།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་གཉེར་མཁན་ཡོངས་ཀྱིས། མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་དང་བརྩོན་སེམས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། དོན་དངོས་ཀྱིས་ར་སྤྲད་པ་ལྟར་ན། རིམ་པ་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་་ཀྱིས་ཏང་དང་སྲིད་གཞུང་དང་རྩོམ་རིག་སྒྱུ་རྩལ་གཉེར་མཁན་བར་འབྲེལ་ཟམ་ལྟ་བུའི་ བྱེད་ནུས་བཏོན་ཡོད་ལ། རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་གཉེར་མཁན་རྣམས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་དཔུང་འཁྲུལ་མེད་དེ་ཡིན། མིག་སྔའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་ནི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ཞིག་ན་གནས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་བྱ་བ་མུ་ནས་མུར་ཟབ་སར་སྤེལ་ནས། དུས་རབས་གསར་བའི་རྩོམ་རིག་སྒྱུ་རྩལ་ལས་དོན་འཕེལ་རྒྱས་ཀྱི་གཞི་རྩའི་ཆོས་ཉིད་དང་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་བར་འབད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ན་གནས་པའི་རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་གཉེར་མཁན་ཡོངས་ལ་ཕྱོགས་བཞིའི་ཐད་ནས་རེ་བ་བཏོན་ཡོད་དེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་འོས་འགན་གསར་བ་རང་རྟོགས་སྒོས་ཕྲག་སྟེང་དུ་ལེན་དགོས། གཉིས་ནས་རིག་གནས་ཡིད་རྟོན་ཇེ་བརྟན་དུ་བཏང་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པར་མ་ཟད། འགྲོས་མཉམ་པ་གཅིག་དང་སྔར་ལས་ལྷག་པ་བཞིའི་ལག་ལེན་གསོན་ཉམས་ལྡན་པའི་ངང་ནས་སྤེལ་དགོས། གསུམ་ནས་མི་དམངས་སྲོག་ཤིང་ཡིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བར་མ་ཆད་པའི་སྒོ་ནས་དུས་རབས་ལ་ངོ་མི་གནོང་བར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་འབྱུང་བར་སྐུལ་འདེད་གཏོང་དགོས །བཞི་ནས་ཀུན་སྤྱོད་བཟང་ལ་རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་མཐོ་བའི་ཕུགས་འདུན་འཚོལ་སྙེག་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དད་མོས་བྱེད་སའི་རྩོམ་རིག་སྒྱུ་རྩལ་གཉེར་མཁན་དུ་འགྱུར་བར་བརྩོན་ལེན་བྱེད་དགོས་ཟེར།

ལིས་ཡུས་ཀྱིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་བསྡུས་པའི་ཚུན་ལ། མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལས་དོན་དང་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་དུ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ལོ་རྒྱུས་ཀྱི་འོས་འགན་ལ་འགྲེལ་བརྗོད་གཏིང་ཟབ་གནང་ཡོད་ཅིང་། རྩོམ་རིག་སྒྱུ་རྩལ་ལས་དོན་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལས་དོན་ལ་བླང་བྱ་མཐོན་པོ་བཏོན་ཡོད། མིག་སྔར། རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ཀྱི་འགན་ཁུར་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་ཁྲོད་ནས་རིག་གནས་གསར་གཏོད་དང་། རིག་གནས་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཚོགས་ཐོག་ནས་ཝང་གོ་ཧྲིན་དང་ལིས་ཡུས་སོགས་འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་ཀུན་སྤྱོད་དང་སྒྱུ་རྩལ་བློ་སྦྱོང་ཟུང་ལྡན་གྱི་མཚན་སྙན་ཐོབ་པའི་རྩོམ་རིག་སྒྱུ་རྩལ་པ་རྣམས་ལ་བྱ་དགའ་བྱིན།