མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་ཟི་ལིང་ནས་བསྡུས།
2018.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

 ཟླ་དང་པོའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་ཟི་ལིང་ནས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རིན་པའོ་དབྱི་ཀྲི་ཡིས་བྱ་བའི་སྙན་ཞུ་ཕུལ།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། སྤུན་ཟླའི་ཞིང་ལྗོངས་དང་གྲོང་ཁྱེར་ཀྱི་ལས་རིགས་སློབ་གསོ་ཁང་བཅས་ཀྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་ཁག་སོ་སོ་བཅས་ཀྱི་ཚབ་བྱས་ཏེ་ཞུ་ཚིག་ཕུལ།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ལས་རིགས་སློབ་གསོ་ཁང་2010ལོར་བཙུགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ཏེ། ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཐོན་སྐྱེད་དང་སློབ་གསོ་མཉམ་བསྲེས་བྱེད་པར་གཙིགས་འཛིན་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ལས་རིགས་སློབ་གསོ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། དབུལ་ཐར་མཁྲེགས་གཏོར་དང་ལས་ཞུགས་ལས་སྐྲུན་ལ་ཞབས་ཕྱི་སྒྲུབ་པ་བཅས་བྱས་ནས། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། ཏང་ཨུ་དང་སྲིད་གཞུང་། ལས་རིགས་སློབ་གླིང་། རྒྱ་ཆེའི་ལས་རིགས་སློབ་གསོ་བྱ་བ་སྒྲུབ་མཁན་བཅས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ལས་རིགས་སློབ་གསོ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། ཏང་ཨུ་དང་སྲིད་གཞུང་ལ་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་དགོས་ལ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་རིགས་སློབ་གསོ་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས། དུས་རབས་གསར་བའི་ལས་རིགས་སློབ་གསོར་འཕེལ་རྒྱས་གསར་བ་འབྱུང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

 ཚོགས་ཐོག་ནས་སྐབས་གསར་བའི་ལས་རིགས་སློབ་གསོ་ཁང་ཨུ་ཡོན་ལྷན་ཁང་བདམ་ཐོན་བྱུང་བ་དང་། སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།