ཝང་གོ་ཧྲིན་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2018.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

གྲོས་ཞིབ་བྱེད་སྐབས། ཝང་ཞའོ་དང་གའོ་ཡོང་ཕིང་། ཧྭི་ལོང་། ཝུའུ་ཀྲི་ཁྲིན། ལིག་པའོ། ཞའེ་ཁང་། ཐའོ་ཡཱ་ཆིན། ཀྲའོ་ཉིང་ཅུན། ཀའོ་ཧོང་ཕིང་སོགས་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དམིགས་ནས། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་དང་ཟི་ལིང་གི་སྒོར་ཁྲག་ཁྲིག་གི་ལིས་ཐོན་ལས་རྟེན་གཞི་འཛུགས་པ། མཁར་གྲོང་འཆར་འགོད་དང་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། དབུལ་ཐར་མཁྲེགས་གཏོར་སོགས་ཕྱོགས་ནས་གཏམ་བཤད་སྤེལ། ཝང་གོ་ཧྲིན་གྱིས་སེམས་ཞིབ་མོས་ཉན་པ་དང་ནན་ཏན་གྱིས་ཟིན་བྲིས་འདེབས་པའི་ཞོར་དུ། ཚང་མ་དང་བརྗེ་རེས་དང་གྲོས་བསྡུར་བྱས།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲངས་པ། དུས་རབས་གསར་བའི་འགྲོས་དང་བསྟུན་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་རེ་འདུན་ལ་སྦྲེལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤོབས་པ་ཆེར་སྐྱེད་པས། ང་འཐད་པ་ཡིན་ཟེར།

ཝང་གོ་ཧྲིན་གྱིས་འདས་ཟིན་པའི་ལོ་གཅིག་ནང་ཟི་ལིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཟི་ལིང་ནི་ཞིང་ཆེན་ཡོངས་ཀྱི་གོ་གནས་དང་པོའི་ཚད་མཐོ་ཞིང་བྱས་རྗེས་འབུར་ཐོན་ཡིན་པའི་གྲོང་ཁྱེར་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། དུས་རབས་གསར་བའི་ནང་ཟི་ལིང་གི་གོ་གནས་དང་འགན་འཁྲི་གཏན་ཁེལ་ཡང་དག་བྱེད་པ། བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་ལེན་མཐར་ཕྱིན་བྱེད་པ། རྗེས་ཕྱོགས་ཀྱི་ལོ་ལྔའི་འཕེལ་རྒྱས་ལ་འཆར་འགོད་ནན་མོ་བྱེད་པ། ཟི་ལིང་གི་འཕེལ་རྒྱས་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་མཐོར་འདེགས་བྱེད་དགོས་ཟེར། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་ཐད་ནས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་འཛུགས་སྐྲུན་ཐད་ནས། ཚད་གཞི་དང་པོར་དམིགས་ཏེ། དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། རྒྱུ་སྤུས་མཐོ་བའི་འཛུགས་སྐྲུན་འཚོལ་སྙེག་བྱེད་དགོས། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་ནས། ནང་འདྲེན་བྱེད་པ་དང་ཕྱིར་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ལས་བྱེད་པ་དང་ཤེས་ལྡན་མི་སྣར་ལས་གཉེར་ལས་སྐྲུན་སྟེགས་བུ་ཆེན་པོ་འདོན་སྤྲོད་བྱེད་པ་དང་། བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཕྱི་ཕྱོགས་སྒོ་འབྱེད་ཐད་ནས། དྲིལ་སྒྲོག་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྙན་གྲགས་མཐོར་འདེགས་བྱས་ནས། གྲོང་ཁྱེར་གྱི་སྣང་བརྙན་གསར་བ་འགྲེམ་སྟོན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཟི་ལིང་གྲོང་ཁྱེར་གྱིས་གསར་འབྱེད་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། དུས་རབས་གསར་བ་སྔོན་བསུ་བྱེད་པ། གོ་སྐབས་གསར་བ་དམ་འཛིན་བྱེད་པ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་འགོ་ཚུགས་ས་གསར་བར་བྱེད་པ། ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་དང་བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། མུ་མཐུད་དུ་ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་པ་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཏོན།