ཝང་གོ་ཧྲིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས།
2018.01.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

 ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས་ཏེ། མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་རྒྱུ་ནི་མཚོ་སྔོན་པ་ཡི་རང་རྟོགས་ལག་ལེན་ལ་འགྱུར་བར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ལིས་ཝེ་དང་ཝང་ཁོས་ཡོན། ཝང་པིས་ཧྭ། ཏུང་ཁྲིན་ལོའུ། ལིས་ཧྥང་རོས་སོགས་ཨུ་ཡོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དཀྱིལ་སྙིང་དུ་བཟུང་ནས། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སིམ་འདྲེས་ཡོང་བར་བྱེད་པ། བོད་ལུགས་སྨན་རྫས་དང་ཀྲུང་ལུགས་སྨན་རྫས་ཐོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ། དངུལ་ལོར་ཉེན་འགོག་སྔོན་སྲུང་དང་ཉེན་ཁ་སེལ་བ། མ་རྩ་ལེགས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་པ། སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་སྐོར་ནས་གཏམ་བཤད་མང་པོ་བྱས། ཝང་གོ་ཧྲིན་གྱིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་རེ་རེར་དཔྱད་འཇོག་བྱས་ཏེ། ཞིབ་འཇུག་ནན་མོ་བྱས་ནས། ཀུན་གྱི་ཤེས་རབ་དང་བསམ་འཆར་མ་ལུས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལས་དོན་ཁྲོད་ནས་མངོན་དུ་འཇུག་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། དུས་རབས་གསར་བ་དགའ་བས་བསུ་བ་དང་བསམ་བློ་གསར་བ་ལག་ལེན་འདེབས་པར། ཅིས་ཀྱང་བྱེད་ཕྱོགས་གསར་བ་མངོན་དུ་འགྱུར་བར་བྱེད་དགོས་པ་དང་འོས་འགན་གསར་བ་དངོས་འབེབས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྔར་ལས་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཐིག་ཡང་དག་པའི་སྒོ་ནས་འཚོལ་དགོས་པར་མ་ཟད། བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་གསར་བ་བཏོད་པ། འཕེལ་རྒྱས་ཀྱི་ལམ་བུ་གསར་གཏོད་བྱེད་པ། ལམ་ལུགས་དང་སྒྲིག་ལུགས་གསར་སྒྱུར་བཅས་བྱས་ཏེ། ཚུལ་སྒྱུར་བཞི་ལ་སྐུལ་འདེད་བཏང་བ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་དོན་འཁྱོལ་ཡོང་བར་ཕན་འབྲས་གསར་བ་ལེན་དགོས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་གཏོང་བ་དང་སྒོ་འབྱེད་ཀྱི་ཁྲོད་ནས་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལུགས་མཐུན་ཚུལ་ལྡན་གྱི་སྒོ་ནས་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་དང་ཀྲུང་ལུགས་སྨན་རྫས་སོགས་ཁྱད་ལྡན་ཐོན་ལས། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་སོགས་བསྐྱར་དར་ཐོན་ལས་འཕེལ་རྒྱས་སུ་བཏང་མཐར། ལྗང་མདོག་འཁོར་རྒྱུག་གི་རྒྱུན་མཐུད་ངང་རང་བཞིན་མངོན་དུ་འགྱུར་བར་བྱེད་དགོས་པར་མ་ཟད། བར་མ་ཆད་པའི་སྒོ་ནས་རིགས་སོ་སོའི་མི་དམངས་ཡོངས་ཀྱི་ཐོབ་འདོད་ཀྱི་རེ་བ་དང་བདེ་སྐྱིད་ཀྱི་རེ་བ་ཇེ་མཐོར་གཏོང་དགོས་ཟེར།

ཝང་གོ་ཧྲིན་གྱིས་འདས་པའི་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་འཐད་པ་བྱུང་།