མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2018.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

 ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། ཚོགས་ཞུགས་འཐུས་མིའི་ཁ་གྲངས་མི་སུམ་བརྒྱ་གོ་གཉིས་ཡིན་པ་དང་ཚོགས་འདུར་སྟེང་དངོས་སུ་འབྱོར་བའི་འཐུས་མི་སུམ་བརྒྱ་གྱ་བཞི་ཡོད་ལ། དེ་ནི་ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ལག་བསྟར་ཀྲུའུ་ཞི་ཝེ་ཞིན་ཧྭ་དང་ཝང་ལིས། ཝང་ཀྲིན་ཁྲང་། ཡུག་ཝེ་ལིས། ཉི་མ་སྒྲོལ་མ། སུང་ལིན། ལིས་ཡོང་ཧྭ། ཏུའུ་ཀོས་ཧྲིན། དབྱང་མུའུ་ཧྥེ། ཝུའུ་ཏི་ཅོན། ཧི་ཀང་། ཁྲིན་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་གོ་ཧྲིན་དང་ཝང་ཅན་ཅོན །ལིག་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུས་ལི། མཱ་ཅིས་ཞའོ། ཆོས་ཞིན་ཡུང་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་ནས་བསྡད།

གྲོས་ཚོགས་ཀྱིས་སྔ་གཞུག་བྱས་ཏེ་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཚབ་མ་ཁྲིན་མེན་ཀོ་ཡིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཡན་པོས་ཕུལ་བའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

མུའུ་ཏུང་ཧྲིན་གྱིས་སྙན་ཞུའི་ཁྲོད་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་འཛུགས་དང་ལྟ་སྐུལ། གཏན་འབེབས། བསྐོ་འཇོག་བཅས་ཀྱི་འགན་ནུས་ལག་བསྟར་བྱས་ཏེ། འཐུས་མིའི་ལས་དོན་དང་ཁྲིམས་སྐྱོང་བཅོས་སྒྱུར། རང་སྟེང་གི་འཛུགས་སྐྲུན་བཅས་ལ་ཕན་ཚུན་སྐུལ་འདེད་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོ་བོར་བཟུང་ནས། སྒྱུར་བ་བཞི་ལ་བརྟེན་ནས་ཁྲིམས་སྐྱོང་འགན་སྲུང་སྔར་ལས་ཇེ་དྲག་ཏུ་བཏང་བར་མ་ཟད། དམངས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་གང་ལེགས་དང་བར་མ་ཆད་པའི་སྒོ་ནས་གཞི་རིམ་རྨང་གཞི་ཇེ་བརྟན་དུ་བཏང་བས། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱས་པའི་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོབ་པར་བརྟེན། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། སྐབས་གསར་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་རྒྱུས་ཀྱི་སྐས་རྐང་གསར་བའི་སྟེང་འགྲེང་ནས། ཏང་གཤིས་བརྟན་པོ་ཡིན་པའི་ཆབ་སྲིད་སྒྲིག་འཛུགས་ལེགས་པོ་ཞིག་དང་། ཁྱོན་ཡོངས་ནས་འགན་འཁྲི་ཕྲག་སྟེང་དུ་ལེན་པའི་བྱ་བའི་སྒྲིག་འཛུགས་ཤིག མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འཐུས་མིའི་སྒྲིག་འཛུགས་ལེགས་པོ་ཞིག་བཅས་འཛུགས་རྒྱུར་འབད་འབུངས་བྱེད་དགོས་པའི་རེ་བ་བཏོན།

ཁྲིན་མེན་ཀོ་ཡིས་སྙན་ཞུའི་ཁྲོད་བཤད་རྒྱུར། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་བ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་སྒྱུར་བ་བཞིའི་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་བྱེད་པ། མི་དམངས་ཀྱི་བདེ་སྡོད་ལས་སྐྲུན་བྱ་བར་འགན་སྲུང་བྱེད་པ་བཅས་ལ་བྱས་རྗེས་བཞག ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་དོན་འབུམ་གསུམ་དང་ཁྲི་གཅིག་སྟོང་བདུན་བརྒྱ་དང་རེ་གཉིས་བསྡུ་ལེན་བྱས་ཤིང་། དེའི་ཁྲོད་ཀྱི་གྱོད་དོན་འབུམ་གསུམ་དང་སྟོང་བརྒྱད་དགུ་བརྒྱ་གོ་བརྒྱད་ཐག་བཅད་ལ། དེ་ནི་ལོ་སྔོན་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་དོན་བཞི་དང་གྲངས་ཆུང་ལྔ་གཉིས་ཇེ་མཐོར་སོང་ཡོད་ཅིང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་ལྔ་དྲུག་ལ་སླེབས། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་དོན་ཁྲི་བརྒྱད་དང་སྟོང་དྲུག་བདུན་བརྒྱ་གོ་གསུམ་བསྡུ་ལེན་བྱས་ཤིང་། དེའི་ཁྲོད་ཀྱི་གྱོད་དོན་ཁྲི་བདུན་དང་སྟོང་བརྒྱད་ལྔ་བརྒྱ་ལྔ་ཐག་བཅད་པ་དང་། དེ་ནི་ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་བརྒྱ་དང་བདུན་གྲངས་ཆུང་གཉིས་བཞི་དང་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་བཞི་བརྒྱད་ཀྱིས་ཇེ་མཐོར་ཕྱིན། ད་ལོར་ལས་དོན་དྲུག་གཙོ་གནད་དུ་འཛིན་དགོས་ཏེ། གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དུས་རབས་གསར་བའི་ཁྲིམས་ཁང་གི་བྱ་བར་རྣམ་པ་གསར་བ་ཞིག་བཏོད་པར་སྣེ་སྟོན་བྱེད་དགོས། གཉིས་ནས་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་བའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་བར་ཁྲིམས་འཛིན་གྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས། གསུམ་ནི་ཁྱོན་ཡོངས་ནས་གཞི་རྩའི་ཐག་གཅོད་དཀའ་བ་དང་ལག་བསྟར་བྱེད་དཀའ་བའི་བྱ་བར་སྐུལ་འདེད་བཏང་ནས། དུས་རབས་གསར་བའི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱ་བར་འདེགས་སྐྱོར་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས། བཞི་ནི་ཁྱོན་ཡོངས་ནས་ཁྲིམས་འཛིན་སྒྲིག་འཛུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་ནས། བར་མ་ཆད་པའི་སྒོ་ནས་འདྲི་གཅོད་སྤུས་ཚད་དང་ཕན་འབྲས། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ནུས་པ་བཅས་ཇེ་མཐོར་གཏོང་དགོས། ལྔ་ནི་ཤེས་རབ་དང་ལྡན་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཁྲིམས་ཁང་གི་དེང་རབས་ཅན་ཆུ་ཚད་ཇེ་མཐོར་གཏོང་དགོས། དྲུག་ནི་དུས་རབས་གསར་བའི་ཏང་འཛུགས་བླང་བྱ་གསར་བ་ལག་བསྟར་བྱས་ཏེ། ཆབ་སྲིད་བརྟན་པོ་དང་འགན་ནུས་དྲག་པོ་ཡིན་པའི་མི་དམངས་ཁྲིམས་ཁང་གི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

ཡན་པོ་ཡིས་སྙན་ཞུའི་ཁྲོད་བཤད་རྒྱུར། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནན་ཏན་སྒོས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྱི་གྲོས་ཚོགས་སོ་སོའི་གྲོས་ཆོད་ལག་བསྟར་བྱས་ཏེ། རྩ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་བློ་དཀར་དྲང་གཞག་ངང་ལག་ལེན་ལ་བཏབ་པར་མ་ཟད། ཡང་དག་པའི་སྒོ་ནས་ཞིབ་དཔྱོད་བྱ་བའི་ཁྲོད་གནས་པའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་གོ་བ་ཡང་དག་བླངས། དེ་མིན་ད་དུང་ནན་ཏན་སྒོས་ཤུགས་སྣོན་དགོས་པ་གསུམ་གྱི་སྤྱིའི་བླང་བྱ་ལག་ལེན་ལ་བསྟར་ནས། འོས་འགན་ཆེན་མོ་གསུམ་དངོས་འབེབས་དོན་འཁྱོལ་བྱས། ཤུགས་ཆེན་པོས་ཞིབ་དཔྱོད་ལས་དོན་དང་ཞིབ་དཔྱོད་དཔུང་སྡེ། ཞིབ་དཔྱོད་འགན་ནུས་བཅས་ཀྱི་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་གང་ཡོད་བཏོན། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དཀྱིལ་སྙིང་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིབ་དཔྱོད་འོས་འགན་ཇེ་བརྟན་དུ་བཏང་ནས་ཞིང་ཆེན་གྱི་ད་ཡོད་གནས་ཚུལ་དངོས་དང་སིམ་འདྲེས་ཡོང་བར་འབད་དེ། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་དང་ལྟ་སྐུལ་རང་བདག་ལས་དོན་གཅིག་བསྡུས། ཞིབ་དཔྱོད་འགན་ནུས་ལག་བསྟར་སོགས་ཀྱི་གོ་རིམ་ཁྲོད་ནས་ཐོག་མཐའ་བར་གསུམ་ཀུན་ཏུ། མིག་སྔའི་གནས་བབ་ནས་རྐང་ཚུགས་པར་བྱེད་པ་དང་མིག་སྔའི་བྱ་བར་ཞབས་འདེགས་ཞུས་ཏེ། ཞིབ་དཔྱོད་ལས་དོན་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་བར་འབད་འབུངས་བྱས་པ་བརྒྱུད། མཚོ་སྔོན་ཞིབ་དཔྱོད་ལས་དོན་ལ་ཕན་འབྲས་གསར་བ་ཐོབ་ཡོད་ཟེར།

གྲོས་ཚོགས་ལས་ད་དུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣའི་གྲངས་ཀ་སྐོར་གྱི་ཆོད་དོན་དང་། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས། སྤྱིའི་འདེམས་ཤོག་ལྟ་སྐུལ་བ། ལྟ་སྐུལ་བའི་མིང་ཐོ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན། སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་གྲུབ་མི་སྣའི་གདམ་མིའི་བྱེད་ཐབས་བཅས་ལ་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱང་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།