མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2018.01.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

 ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། ཚོགས་ཐོག་ནས་རྡོ་རྗེ་རབ་བརྟན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།

ཚོགས་ཆེན་སྟེང་དུ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཤིང་། ཝང་ཅིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པར་མ་ཟད། བློ་མཐུན་རེ་དྲུག་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མི་སྣར་བདམས།
ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ནས་ཚོགས་ཆེན་དངོས་སུ་འགོ་བརྩམས།

སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་ཁྱོན་བསྡོམས་ཨུ་ཡོན་སུམ་བརྒྱ་གོ་དྲུག་ཡོད་ཅིང་། ཨུ་ཡོན་སུམ་བརྒྱ་བརྒྱད་ཅུ་དངོས་སུ་འདེམས་བསྐོའི་ལས་སྒོར་ཞུགས་ཡོད་ལ། དེ་ནི་ཁྲིམས་བཀོད་མི་གྲངས་དང་མཐུན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་ནས་བསྡད། ཝང་ཞའོ་ཡུང་གིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས། འདེམས་བསྐོ་མ་བྱས་པའི་སྔོན་ལ། ཚོགས་ཆེན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྤྱིའི་ལྟ་སྐུལ་བ། ལྟ་སྐུལ་མི་སྣའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་།

འདེམས་བསྐོ་བྱ་བས་གཟབ་ནན་སྒོས་འདེམས་བསྐོ་བྱེད་ཐབས་དང་གཏན་འབེབས་གོ་རིམ་གཞིར་བཟུང་ནས་འདེམས་བསྐོ་བྱས། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འདེམས་སྒུག་མི་སྣའི་གྲོས་འདོན་མིང་ཐོ་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་ཞིབ་བྱས་རྗེས། ཐེངས་འདིའི་གྲོས་ཚོགས་ཀྱི་ཚན་ཆུང་སོ་སོར་གྲོས་སྡུར་བྱེད་པར་སྤྲད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པས་འདེམས་སྒུག་མི་སྣའི་མིང་ཐོ་གཏན་འཁེལ་བྱས་རྗེས། ཚོགས་ཆེན་ལ་འདེམས་བསྐོ་བྱེད་རྒྱུར་སྤྲད། ཁ་གྲངས་མཚུངས་པའི་འདེམས་བསྐོ་བྱེད་ཐབས་དང་མིང་མི་འགོད་པའི་འདེམས་ཤོག་བྱེད་ཐབས་སྤྱད།

འདེམས་བསྐོའི་མཇུག་འབྲས་སྒྲོག་འགྲེལ་བྱས་རྗེས་ཚོགས་ར་ཧྲིལ་བོ་ཐལ་མོའི་རྡེབ་སྒྲས་ཁྱབ་ཏེ། གསར་དུ་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་ལ་རྟེན་འབྲེལ་ཞུས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ནས་ལྟ་སྐུལ་མཛུབ་སྟོན་བྱས།