མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས།
2018.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

 ཟླ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཡོངས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་ལ་གཟེངས་བསྟོད་བྱེད་པའི་འཐུས་མི་རྣམས་ལ་ཐུག་འཕྲད་བྱས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེ་བའི་སྤྱི་བདེ་ལས་བྱེད་དམག་མི་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་བ། དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་གྱི་མིག་དཔེ་བཟང་བོ་བསྟན་ནས། ཁག་ཁུར་གྱི་འདུ་ཤེས་བརྟན་ལ་བྱ་བར་བརྩོན་སེམས་ཡོད་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལས་དོན་སྤྱི་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གསར་བ་འཇོག་ཐུབ་དགོས་ཟེར།

ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། གཟེངས་བསྟོད་ཐོབ་པའི་དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་ལ་གུས་འདུད་བླ་མེད་ཞུས་པར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལས་དོན་རང་གི་མིག་འབྲས་བཞིན་སྲུང་བཞིན་པའི་ལས་གནས་སྟེང་གི་སྤྱི་བདེ་དམག་མི་དང་གཞི་རིམ་གྱི་སྤྱི་བདེ་དམག་མི་རྣམས་ལ་ལྷག་བསམ་དག་པའི་སྒོ་ནས་བཀའ་དྲིན་ཞུས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཁག་གིས་ཞིང་ཆེན་ཡོངས་ཀྱི་ལྟེ་གནད་བྱ་བ་དང་དམ་དུ་འབྲེལ་ནས། མིག་སྔའི་ལས་དོན་དམ་འཛིན་དང་མ་འོངས་པར་འཆར་གཞི་འཐེན་ནས། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པའི་གོ་རིམ་ཁྲོད་དུ། ནག་ཉེས་བཟོས་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་རྒྱུན་འཁྱོངས་དང་སྤྱི་ཚོགས་བརྟན་འཇགས་དང་ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་འགན་འཁྲི་ལག་བསྟར་བྱེད་རྒྱུར་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་གནོད་པ་ཆེ་བའི་གནད་དོན་འབུར་ཐོན་མི་ཉུང་བ་ཞིག་འགོག་སྲུང་དང་གཙང་སེལ་བྱས་པར་མ་ཟད། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལས་དོན་སྟོབས་དང་ལྡན་པའི་སྒོ་ནས་ཡར་ལྡན་དུ་སྤེལ་ཐུབ་པ་བྱུང་བ་ལས་གཞན། ལག་ལེན་དངོས་ལ་བརྟེན་ནས་མཚོ་སྔོན་ལ་དགའ་ཞེན་ཡོད་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་པའི་ཕུགས་འདུན་འཚོལ་སྙེག་མ་ལྷོད་པ་བྱས་ཏེ། ཏང་དང་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་ཨ་ལན་ལེགས་པོ་ཞིག་བྱིན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེ་བའི་སྤྱི་བདེ་ཉེན་རྟོག་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་འདྲ་མཉམ་དྲང་གཞག་ཡོང་བར་བྱེད་པ། སྒྲིག་ཁྲིམས་ནན་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་ཡིད་ལ་དམ་པོར་ཉར་ནས། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་བ་དང་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་བཏང་ནས། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་ལ་ཞུགས་པའི་མནའ་ཚིག་ཡིད་ལ་དམ་པོར་ཉར་ནས་ལག་ལེན་ལ་བཏབ་པ་དང་། ཏང་གི་སྒྲིག་ཡིག་ཡིད་ལ་བརྟན་པོར་བཅངས། རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྣེ་ཁྲིད་བྱས་པ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་མི་འགྱངས་བར་སྤེལ་བ་ལ་ཉེ་བའི་ཐོག་མའི་སེམས་འདུན་མི་བརྗེད་པར་བྱེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས། ཏང་གི་གསར་གཏོད་འདུ་ཤེས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་པ་དང་། དུས་རྟག་པར་ཏང་གི་གསུངས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་བློ་དཀར་གཤིས་སྤྱོད་གསོ་སྐྱོང་བྱས་ཏེ། བར་མ་ཆད་པའི་སྒོ་ནས་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་ནུས་ཆུ་ཚད་ཇེ་མཐོར་བཏང་ཡོད་ཟེར།

ཝང་ཅན་ཅོན་དང་ཡུས་ཚུང་ལི། ཝང་ཀྲིན་ཧྲིན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ལིག་ཉིང་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་གཏམ་བཤད། ཁོས་རེ་བ་བཏོན་དོན། ཐེངས་འདིར་གཟེངས་བསྟོད་ཐོབ་པའི་དཔའ་བོ་དཔེ་ལེགས་ཅན་དང་ཐུན་མོང་བྱས་རྗེས་ཅན་གྱིས། བླ་མེད་ཀྱི་གཟི་བརྗིད་དང་མཚན་སྙན་ལ་གཅེས་འཛིན་བྱས་ཏེ། དུས་རྟག་པར་སྔར་སྲོལ་བཟང་བོ་རྒྱུན་འཁྱོངས་དང་འགན་འཁྲི་ཕྲག་སྟེང་དུ་ལེན་པ། ལས་གནས་བརྟན་སྲུང་བྱེད་པ་བཅས་ལ་འབད་དེ། ཏང་དང་མི་དམངས་ལ་བྱས་རྗེས་འཇོག་གང་ཐུབ་བྱེད་དགོས་ཟེར།

ཐེངས་འདིའི་ཚོགས་ཆེན་སྟེང་དུ་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་བྱས་རྗེས་འབུར་ཐོན་བཞག་མྱོང་བའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་བརྒྱད་ཅུ་དང་སྔོན་ཐོན་མི་སྒེར་བརྒྱ་དང་གྱ་ལྔ་ལ་གཟེངས་བསྟོད་བྱས།