མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་རིམ་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་རིམ་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ལས་གནས་ནས་བུད་པ་དང་ལས་གནས་གཞན་པར་བསྐོ་འཇོག་བྱས་པ། གསར་དུ་བདམས་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་བཅས་ཀྱིས་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་བརྗོད་དོན་ལ་དམིགས་ནས་ལྟ་ཚུལ་བརྗོད་པ་དང་འཕེལ་རྒྱས་ཐད་ནས་གླེང་མོལ་བྱས།

བཞུགས་མོལ་བྱེད་སྐབས། རིན་ཆེན་རྒྱལ་དང་མུའུ་ཏུང་ཧྲིན། སུའུ་ཉིན། ཝང་ཞའོ་ཆིན་གསུམ་གྱིས་བློ་མཐུན་རྒན་པའི་ཚབ་བྱས་ཏེ་གཏམ་བཤད།

ཀའོ་ཧྭ་དང་ཉི་མ་སྒྲོལ་མ། ཀྲང་ལིས། ཀྲང་ཝུན་ཁོའེ། ཁྲིན་མེན་གོ་གསུམ་གྱིས་ལས་གནས་གཞན་ལ་བསྐོ་འཇོག་བྱས་པ་དང་གསར་དུ་བདམས་པའི་འགོ་ཁྲིད་བློ་མཐུན་གྱི་ཚབ་བྱས་ནས་གཏམ་བཤད། གཏམ་བཤད་ནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་འདུ་ཤེས་བརྟན་པོ་འཛུགས་པ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། འགོ་ཚུགས་ས་གསར་བའི་སྟེང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུའི་ཚུལ་བསྟན།

གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་སྐབས་གསར་བའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་ཁུར་མཚམས་བཞག་པའི་བློ་མཐུན་རྒན་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་གུས་འདུད་ཞུས་པ་དང་། གསར་དུ་བདམས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་རེ་བ་བཏོན། ཁོས་བཤད་རྒྱུར། བློ་མཐུན་རྒན་པ་ཚོའི་གཏམ་བཤད་ལ་བརྩེ་དུང་དང་ཆུ་ཚད་ལྡན་ཞིང་། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མངོན་པར་བྱས་ཡོད་ལ། ང་ཚོར་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཐེངས་ཤིག་ཉམས་སུ་མྱོང་དུ་བཅུག་པ་དང་། ང་ཚོས་ཆབ་སྲིད་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་ཐུབ་པ་བྱུང་ལ། ང་ཚོའི་བྱ་བའི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བ་མ་ཟད། ཕྲག་སྟེང་གི་འགན་འཁྲི་ཇེ་ལྕི་རུ་བཏང་། ང་ཚོས་བློ་མཐུན་རྒན་པ་ཚོའི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། གུང་ཁྲན་ཏང་མིའི་བསམ་པའི་འཚོལ་སྙེག་བརྟན་སྲུང་བྱེད་པ། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཡིད་རྟོན་དང་མངག་བཅོལ་ལ་དྲིན་ལན་འཇལ་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འོག་རིམ་ལ་སྣེ་ཁྲིད་དང་བདེན་འཛིན་དངོས་གཉེར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དེ་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་འབྲེལ་ཡོད་སྡེ་ཁག་གིས་བློ་མཐུན་རྒན་པར་གཟིགས་སྐྱོང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཞབས་འདེགས་བཟང་བོ་ཞུས་ནས། ཁོ་ཚོས་མུ་མཐུད་དུ་ནུས་པ་འདོན་པར་ཆ་རྐྱེན་བསྐྲུན་པ་དང་། བློ་མཐུན་རྒན་པ་ཚོས་ལས་འཁྱུར་ངལ་གསོ་བྱས་རྗེས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་རོལ་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ལམ་གསར་བའི་འགོ་བརྩམས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་འགོ་བརྩམས་ལ། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་ལོ་ལྔའི་བྱ་བ་བཀོད་སྒྲིག་བྱས། འགོ་ཁྲིད་ཀྱི་ལས་གནས་ནས་བུད་པ་དང་ལས་གནས་གཞན་དུ་བསྐོ་འཇོག་བྱས་པའི་བློ་མཐུན་རྒན་པ་ཚོས་སྔར་བཞིན་དུ་ང་ཚོས་མཚོ་སྔོན་གྱི་བྱ་བ་བཟང་བོ་བསྒྲུབ་པར་སེམས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱེད་པ་དང་། གསར་དུ་བདམས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་ལས་གནས་སུ་བསྐོ་འཇོག་བྱས་པ་དེ་སྒུལ་ཤུགས་སུ་བརྩི་བ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། རང་ཉིད་ཀྱི་གྲུབ་འབྲས་བཟང་བོ་དང་ཚན་ཁག་གི་མཐུན་སྒྲིལ་འབད་འཐབ་ཀྱི་གྲུབ་འབྲས་ལ་བརྟེན་ནས། ཏང་དང་མི་དམངས་ལ་དྲིན་ལན་འཇལ་དགོས། མ་མཐུད་དུ་སྔར་གྱི་ལས་གནས་སྟེང་ཡོད་པའི་བློ་མཐུན་ཚོས་ཡང་བསྐྱར་གྲ་སྒྲིག་བཟང་བོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་འོག མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་སྟོབས་ཤུགས་ཕུལ་ནས། ལག་ལེན་དངོས་ཀྱི་ཁྲོད་ནས་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡི་འགན་འཁྲི་ལ་གཟི་བརྗིད་ལྡན་ཞིང་འགན་ཁུར་དེ་བས་ཀྱང་ལྕི་བས། ངས་རེ་བ་སྟོང་ཟད་དུ་མི་གཏོང་བར། ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ་དང་། འགན་འཁྲི་འདུ་ཤེས་སྔར་ལས་དྲག་པོ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལ་བརྟེན་ནས་བྱ་བ་སྤེལ་བ། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ། ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་འབྲེལ་བར་མཐུན་སྦྱོར་བྱེད་པ་དང་འགལ་བ་ཐག་གཅོད་པ། སེམས་ཤུགས་གཅིག་ཏུ་སྒྲིལ་བའི་བྱ་བ་བཟང་བོར་བསྒྲུབ་པ། དམངས་གཙོ་ལྟ་སྐུལ་གཟབ་ནན་སྒོས་སྤེལ་བ། ཚན་ཁག་ལ་དམ་འཛིན་བྱེད་པ་དང་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་པ། ཨུ་ཡོན་གྱིས་འགན་སྒྲུབ་བཟང་བོ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་སྟེགས་བུ་འཛུགས་པ། ཞབས་ཞུ་འདོན་སྤྲོད་བྱེད་པ། སྲིད་གྲོས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཟེར།

ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིི་ཚབ་བྱས་ནས་ལས་གནས་ནས་བུད་པའི་བློ་མཐུན་རྒན་པ་ཚོར་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་དམ་པོར་འཛིན་པའི་རྗེས་དྲན་སྡེར་མ་དང་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དཔེ་ཆ་བྱིན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བརྗེའི་སྤྱི་ཁོག་གི་གནས་ཚུལ་ངོ་སྤྲོད་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བརྗེའི་ཁྲོད་ལས་གནས་ནས་བུད་པ་དང་ལས་གནས་གཞན་དུ་བསྐོ་འཇོག་བྱས་པའི་ཞིང་ཆེན་རིམ་པའི་ལས་བྱེད་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།