2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་གཟབ་རྒྱས་ངང་བསྡུས།
2018.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་ཟླ་དྲུག་པའི་ཚེས་གཉིས་ཉིན་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཚོང་དོན་པུའུ་ཡི་པུའུ་ཀྲང་གི་ལག་རོགས་རིན་ཧོང་པེན། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཁྲིན་ཀྲིག་བཅས་ཀྱིས་འགྲེམ་སྟོན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུང་ཧོང་ཡོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་དང་། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ཅིན་ཕིང་། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སོ་སོ་ནས་ཡོང་བའི་འགོ་ཁྲིད། ཐུའུ་ཁུའུ་མན་སི་ཐན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཆི་ནཱ་ཨར.ལུའུ་སི་ཅེ་མའོ་ཝ། སི་རི་ལན་ཁ་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁཱ་ལུའུ་ན་སེ་ནཱ.ཁི་ཏེ་ཐུའུ་ཝ་ཁུའུ། སི་རི་ལན་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་ཚོང་དོན་ཚན་ཙན་རུའུ་ཝན་ཐིས། ཀྲི་ལིའི་རྒྱལ་ཚོགས་གྲོས་མི་ཧུའུ་ཨན.པ་པུའུ་ལོ.ལེ་ཐི་ལེ་ཨར། ཕ་ཁི་སི་ཐན་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་ཨན་ཀྲོ་མུའུ.ཨ་སཱ་ཏི.ཨ་མེན་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་འགོ་ཁྲིད་འགྲེམ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

སྐབས་འདིའི་འགྲེམ་ཚོགས་ཀྱིས་ལྗང་མདོག་ལྷད་མེད་ཀྱི་ས་གདན་འཐག་ནས་རྒྱུད་གཅིག་ལམ་གཅིག་གི་ཟམ་པ་འཛུགས་རྒྱུ་བརྗོད་སྙིང་དུ་བྱས་ཡོད་པ་དང་། འགྲེམ་ཚོགས་ཀྱི་དུས་ཡུན་བསྡོམས་པས་ཉིན་ལྔ་ཡིན། འགྲེམ་ཚོགས་དེ་རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱི་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་། ཀྲུང་གོའི་ཟས་རིགས་དང་ཡུལ་ཐོན་ཕྱུགས་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས། ཀྲུང་གོའི་ཁྱིམ་སྤྱོད་འཁལ་འཐག་ཐོན་རྫས་ལས་རིགས་མཐུན་ཚོགས་བཅས་ཀྱིས་འགན་ཁུར་ནས་བསྒྲུབས་པ་རེད།

འགྲེམ་ཚོགས་ཐད་ནས་འགྲེམ་སྟོན་ཁང་ཀ་བ་དང་ཁ་བ། ག་བ་བཅས་གསུམ་དང་ཐང་ཆེན་འགྲེམ་སྟོན་ཁུལ་བཅས་སུ་བགོས་ཡོད་ལ། འགྲེམ་སྟོན་ཁང་ཀ་བ་ནི་ཀྲུང་གོའི་སྤུས་ལེགས་ས་གདན་ཁང་དང་། ཁ་བ་ནི་རྒྱལ་སྤྱིའི་སྤུས་ལེགས་ས་གདན་ཁང་། ག་བ་ནི་ས་གདན་ཉམས་ཞིབ་ཁང་བཅས་ཡིན་པ་དང་། འགྲེམ་སྟོན་རྒྱ་ཁྱོན་ཧ་ལམ་རྨིད་གྲུ་བཞི་མ་ཁྲི་ལྔ་དང་འགྲེམ་སྟོན་བྱེད་ས་སྟོང་གཉིས་ལས་ཡོད་ལ། གཙོ་བོར་རྒྱལ་ཁབ་ཕྱི་ནང་གི་གནའ་བོའི་ས་གདན་དང་། རྒྱལ་ཁབ་སོ་སོའི་སྤུས་ལེགས་ལག་འཐག་ས་གདན་དང་འཕྲུལ་འཐག་ས་གདན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གྱི་བོད་ལུགས་ས་གདན་རིག་གནས་དང་ས་གདན་གྱི་རི་མོ་ཇུས་འགོད་སོགས་འགྲེམ་སྟོན་བྱེད་ཀྱིན་ཡོད། དེ་ལས་གཞན། ད་ལོར་འགྲེམ་ཚོགས་ཀྱི་འགྲེམ་སྟོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་སུ་སོང་ནས་སྐོར་སྐྱོད་འགྲེམ་སྟོན་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་ཚོགས་སྐབས་སུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ས་གདན་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྒོར་ཅོག་གྲོས་ཚོགས་དང་ནམ་ཡང་མཇུག་མི་བསྒྲིལ་བའི་ས་གདན་འགྲེམ་ཚོགས་ཏེ་ཀྲུང་གོའི་བོད་ལུགས་ས་གདན་གྱི་ཡུལ་གྲུ.རྒྱལ་སྤྱིའི་ས་གདན་འགྲེམ་སྟོན་ཉོ་ཚོང་ལྟེ་གནས་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོ། འཛམ་གླིང་ཡོངས་ཀྱི་ས་གདན་ཆེད་ལས་གླེང་སྟེགས་དང་ཇུས་འགོད་པའི་མཚན་མོ། ཕ་ཁི་སི་ཐན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བྱ་འགུལ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་བྱ་འགུལ། འགྲེམ་སྟོན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་སོགས་བྱ་འགུལ་རབ་དང་རིམ་པ་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ས་གདན་ལས་རིགས་ཀྱི་ཆེད་མཁས་པར་འགྲེམ་སྟོན་དང་ཉོ་ཚོང་། བརྗེ་རེས་ཚོང་གཏམ་གྱི་མཉམ་ལས་སྟེགས་བུ་ལེགས་པོ་བསྐྲུན།

ལོ་བཅོ་ལྔ་བརྒྱུད་དེ། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་པ་མ་ཟད། མཚོ་སྔོན་གྱིས་དུས་རབས་གསར་བའི་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་ཐད་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཐད་བྱས་རྗེས་མི་དམན་པ་བཞག