མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་ཟི་ལིང་ནས་ཚོགས།
2018.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་སྟེ། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསྟན་དོན། འཛམ་གླིང་ཁོར་ཡུག་ཉིན་མོར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་བསྡུས་པར་དམིགས་བསལ་གྱི་དོན་སྙིང་ལྡན་པ་དང་། དེས་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་བློའི་རང་རྟོགས། མཛེས་སྡུག་གི་ཀྲུང་གོ་དང་ང་རང་འགུལ་སྐྱོད་པ་ཡིན་ཞེས་པའི་ཁོར་ཡུག་ཉིན་མོའི་བརྗོད་དོན་ལག་ལེན་མཐའ་འཁྱོལ་བ་བྱེད་པའི་འགུལ་སྐྱོད་ཀྱི་རང་རྟོགས་མཐོན་པོ་མཚོན་ཡོད། ཐེངས་འདིའི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་འགྲེལ་བཤད་གསལ་བོ་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་བྱུང་བའི་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་ལ་སྤྱི་སྡོམ་ཆ་ཚང་བ་བྱས་ཡོད་ལ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནས་བབ་གསར་བར་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གཏན་ཁེལ་གསལ་བོ་བྱས་པ་དང་། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤེལ་བའི་དམིགས་འབེན་ལས་འགན་ཐད་ནས་བཀོད་སྒྲིག་བཟང་བོ་བྱས། ཚོགས་འདུའི་གཞུང་ལུགས་གྲུབ་འབྲས་ཆེས་ཆེ་བ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་སྤྱི་བསྡོམས་བྱས་པ་དེ་ཡིན་ལ། དགོངས་པའི་ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། དེ་ནི་སྐྱེ་ཁམས་དཔལ་ཡོན་སྤེལ་བ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བསམ་བློའི་གོ་མཚོན་ཆེན་པོ་ཡིན་ལ། དེས་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་གོང་འོག་ཡོངས་ཀྱིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། སློབ་སྦྱོང་བྱེད་པ་དང་བསམ་གཞིགས་གཏོང་བ། བཀོལ་སྤྱོད་བྱེད་པ་གསུམ་སྦྲེལ་མཐུད་བྱེད་པ་དང་། རྒྱུས་ལོན་དང་ཡིད་ཆེས་བྱེད་པ། འགུལ་སྐྱོད་བྱེད་པ་གསུམ་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་བསམ་བློའི་གོ་རྟོགས་དང་བྱ་བའི་ནུས་པ་མཐོར་འདེགས་གཏོང་བའི་སྟེང་མཚོན་པར་བྱས་ཏེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་ཐད་ཀྱི་ཚན་རིག་རང་བྱུང་ལྟ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་དགོས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། ཧུར་ཐག་གིས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་བ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ནི་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་ཡིན་པའི་དམིགས་འབེན་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་ཐོབ་ཚོར་དང་བདེ་སྣང་། བདེ་འཇགས་ཀྱི་ཚོར་བ་སྔར་ལས་མང་པོ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས། ཆུ་ཞིང་རི་མཚོ་དང་རྩྭ་ཐང་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་པའི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ལ་ཆུ་ཞིང་རི་མཚོ་དང་རྩྭ་ཐང་སླར་གསོ་བྱེད་པའི་ཉམས་མྱོང་འདོན་སྤྲོད་བྱེད་དགོས། ལམ་ལུགས་དམ་པོ་དང་ཁྲིམས་སྐྱོང་ནན་མོ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་བསམ་བློ་ཇེ་བརྟན་དུ་བཏང་ནས། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་འཆར་འགོད་བྱེད་པའི་མཉམ་རྒྱལ་ལྟ་བ་ཁོང་དུ་ཆུད་པར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཀྱི་དམིགས་བསལ་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོན་རྟགས་གསལ་བོ་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་རྣམ་པ་གསར་བ་སྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལྔ་བཞིའི་འཐུབ་ཇུས་ལག་བསྟར་བཟང་བོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་ཐག་གཅོད་པ་འབུར་ཐོན་བྱེད་པ། འགོ་ཁུངས་ནས་ཁོར་ཡུག་བཙོག་བཟོ་ལ་འགོག་བཅོས་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་པ། ཁོར་ཡུག་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་བྱས་ཏེ། མཛེས་སྡུག་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས། གཅིག་ནས་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་དགོས། གཉིས་ནས་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་དགོས། གསུམ་ནས་རྒྱུན་མཐུད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས། ལྔ་ནས་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་བྱ་བ་མགྱོགས་མྱུར་སྒོས་སྤེལ་དགོས་ཟེར།

ཝང་ཡུས་པའོ་ཡིས་ཚོགས་འདུ་ལ་འགོ་འཛིན་བྱས་པ་མ་ཟད། ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན། ཐེན་ཅིན་ཁྲིན་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་དགོངས་དོན་དང་མཚོ་སྔོན་གྱི་ལག་བསྟར་གྲོས་གཞི་བརྒྱུད་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་ནགས་ལས་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པའི་འགན་ཁུར་བློ་མཐུན་གཙོ་བོ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཚོ་ཤར་བཟོ་ལས་ར་བའི་ཁུལ། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།