རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་འཐུས་མི་ཚེས་བཅོ་བརྒྱད་ཉིན་ཕྱིར་མཚོ་སྔོན་དུ་ཐོན།
2018.06.11 ཁུངས། ཀློག་གྲངས། 637

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་འཐུས་མི་སོགས་ལ་གཟེངས་བསྟོད་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཐོབ་པའི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་པར་མ་ཟད། ཚང་མ་མཉམ་དུ་པར་བླངས་ཏེ་དྲན་རྟེན་དུ་བཞག

ཚང་མས་ལང་ལོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བའི་མཇལ་འཕྲད་གནང་བ་དེས་ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཚད་མཐོན་པོའི་མཐོང་ཆེན་དང་བརྩེ་བའི་ཐུགས་ཁུར་གནང་བཞིན་པ་གང་ལེགས་སྒོས་མཚོན་ཡོད་པ་དང་། དེས་ང་ཚོར་སྐུལ་མ་ཐེབས་པ་དང་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རང་གི་འགན་འཁྲིའི་བྱ་བ་བཟང་བོར་བསྒྲུབ་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དང་སྒུལ་ཤུགས་གསར་པ་བསྣན་ཟེར།

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་དུ་ཞུགས་པའི་གཟེངས་བསྟོད་ཐོབ་པའི་འཐུས་མི་ཕྱིར་མཚོ་སྔོན་དུ་ཐོན། དེའི་ནང་། ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་སྐབས་ལྔ་བའི་དཔལ་ཡོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་ཧོང་ཀོང་གོང་མ་སྡེ་བ་སོགས་གྲོང་རྡལ་བཅུ་བདུན་ལ་རྒྱལ་ཡོངས་སྐབས་ལྔ་བའི་དཔལ་ཡོན་གྲོང་རྡལ་གྱི་མཚན་སྙན་ཐོབ། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་སོགས་སྡེ་ཁག་བཞི་བཅུར་རྒྱལ་ཡོངས་སྐབས་ལྔ་བའི་དཔལ་ཡོན་སྡེ་ཁག་གི་མཚན་སྙན་ཐོབ། ཡུས་ཧྲུའུ་ཁུལ་ཧོང་ཆི་སློབ་ཆུང་སོགས་སློབ་གྲྭ་གསུམ་ལ་རྒྱལ་ཡོངས་སྐབས་དང་པོའི་དཔལ་ཡོན་སློབ་གྲྭའི་མཚན་སྙན་ཐོབ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ལ་རྒྱལ་ཡོངས་སྐབས་དང་པོའི་ནར་མ་སོན་པའི་མི་སྣའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ། མཚོ་ཤར་གྲོང་ཁྱེར་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གསུམ་ལ་རྒྱལ་ཡོངས་སྐབས་དང་པོའི་ནར་མ་སོན་པའི་མི་སྣའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་སྡེ་ཁག་གི་མཚན་སྙན་ཐོབ། པེ་མའེ་ལིང་སོགས་བློ་མཐུན་གཉིས་ལ་རྒྱལ་ཡོངས་སྐབས་དང་པོའི་ནར་མ་སོན་པའི་མི་སྣའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། པེ་ཡུང་ཧའོ་ལ་རྒྱལ་ཡོངས་སྐབས་ལྔ་བའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ། ཝུའུ་ཐེན་དབྱི་སོགས་མི་དགུ་ལ་རྒྱལ་ཡོངས་སྐབས་ལྔ་བའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མི་འདོན་བྱ་དགའ་ཐོབ།

གྲོས་ཚོགས་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཞི་མེན་གྱིས་མཚོ་སྔོན་གྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་མི་དང་མཉམ་དུ་བཞུགས་མོལ་བྱས་ཏེ། ཚང་མས་ཐེངས་འདིར་ཐོབ་པའི་གཟེངས་བསྟོད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཁོས་བསྟན་དོན། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ན། ཐོག་མའི་ལས་འགན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རིགས་སོ་སོའི་བྱ་བར་སྣེ་ཁྲིད་བྱེད་དགོས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་གྱི་ལས་འགན་ཆེན་པོ་ཁག་ཁུར་བྱེད་ནུས་པའི་དུས་རབས་གསར་པའི་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པ་དང་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་གསར་འཛུགས་བྱ་འགུལ་ལ་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བསམ་པའི་སྟོབས་ཤུགས་འབུལ་དགོས་ཟེར།