མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2018.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱི་རེ་བ་ལྟར། སྲིད་ཇུས་ལ་གནད་ལ་འཁེལ་བའི་སྒོ་ནས་སྤྱོད་པ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་འགྲུབ་པར་བྱེད་པའི་ཐད་ནས་གསོན་ཤུགས་སྣོན་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ངོ་བོའི་རེ་བ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་ཐད་ཀྱི་རྒྱལ་ཁ་ལེན་པ་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་བརྗོད་བྱའི་སྙིང་བོ་ཡིན་ལ། ཏང་གི་རོང་འབྲོག་ཁུལ་གྱི་སྲིད་འཛིན་རྨང་གཞི་བརྟན་པོ་འདིང་བའི་འགན་སྲུང་གལ་ཆེན་ཡང་ཡིན་པས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལོ་གསུམ་ནང་ཡོངས་སུ་ཁྱབ་པར་བྱེད་པ་དང་ལོ་ལྔའི་ནང་ཆུ་ཚད་གསར་བར་བསླེབ་པར་བྱེད་པའི་དམིགས་འབེན་རེ་བ་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཆར་གཞི་དང་ལག་བསྟར་ཇུས་གཞི་བཟོས་ནས། ཧུར་ཐག་གིས་དུས་ཡུན་ཐུང་ངུའི་ནང་དར་སྤེལ་གཏོང་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ། ཐུན་མོང་ལ་ཁེ་ཕན་བསྐྲུན་པ་དང་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཁ་སྣོན་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་གཏོང་བ་དང་ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས། རོང་འབྲོག་དམངས་ཀྱི་གཞི་རིམ་ཏང་རྩ་འཛུགས་གྲུབ་ཚུལ་དང་རྣམ་པར་སྔར་ལས་གསར་གཏོད་བྱེད་པ་དང་། རྒྱུན་མཐུད་ངང་ཉམས་ཞན་གཉོམ་ཆུང་གི་གཞི་རིམ་ཏང་རྩ་འཛུགས་བཅོས་སྐྱོང་ཐད་དམ་འཛིན་བྱེད་པ། ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་མཐོར་འདེགས་བྱེད་པ། ཆབ་སྲིད་རྩོལ་ནུས་ཇེ་དྲག་ཏུ་བཏང་སྟེ། རྒྱུན་མ་ཆད་པར་ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། སྡེ་བ་སོ་སོའི་གནས་ཚུལ་མི་འདྲ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། གནས་ཚུལ་དང་བསྟུན་ནས་བྱེད་ཐབས་སྤྱོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་པ། དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པ། ས་བབ་དང་བསྟུན་པ་དང་སྡེ་བའི་གནས་ཚུལ་ལ་གཞིགས་ནས་བྱེད་ཐབས་སྤྱོད་པ། དགེ་མཚན་འདོན་སྤེལ་དང་ཁྱད་ཆོས་དམ་འཛིན་བྱས་ནས། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནོར་སྲིད་དང་དངུལ་རྩ། ཁྲལ་བསྡུ། ཤེས་ལྡན་མི་སྣ། ས་ཞིང་སོགས་ཕྱོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། འགན་སྲུང་ལས་གཞི་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་ལག་བསྟར་ནན་མོ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་དགོས། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་རྫོང་གིས་སྤྱི་འགན་ཁུར་བ། ཞིང་སྡེའི་ལག་བསྟར་ལ་དམ་འཛིན་བྱེད་པའི་རིམ་པ་བགོས་ནས་འགན་ཁུར་བ་དང་སྡེ་ཁག་གིས་རོགས་འདེགས་བྱེད་པ། དཔྱད་ཞིབ་སྐུལ་སློང་བྱེད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ལྔ་བཞི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་རོང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་སོགས་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས། མུ་མཐུད་དུ་ནོར་སྲིད་མ་དངུལ་གྱིས་ཞིང་ལས་ཐད་ཕན་འདོགས་ཚད་ཇེ་ཆེར་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་སྲོལ་ལྟར་ནོར་སྲིད་ཀྱི་ཞིང་ལས་ཐད་ཀྱི་མ་དངུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།