རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་ཉེར་དགུ་པས་མཚོ་སྔོན་གྱི་བྱ་བར་ལྟ་ཞིབ་བྱས།
2018.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་ཉེར་དགུ་པ་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བར་བྱ་བའི་ཐད་ནས་སྦྲེལ་མཐུད་བྱས། ལྟ་ཞིབ་ཚན་ཆུང་གི་ཁོངས་མི་ཡོངས་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་ཝང་ཡུས་པའོ། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་དང་འབྲེལ་ཡོད་མི་སྣ་བཅས་ཐུག་འཕྲད་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་ཞིབ་ཆེན་མོའི་ཚན་ཆུང་ཉེར་དགུ་པའི་ཚན་གཙོ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཞའོ་མིང་གིས་ཐེངས་འདིའི་ལྟ་ཞིབ་ཀྱི་དམིགས་འབེན་གཙོ་བོ་དང་སྤྱི་ཁོག་གི་རེ་བ། ནང་དོན་གཙོ་བོ་དང་བྱ་བའི་བཀོད་སྒྲིག་ཐད་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བཀོད་སྒྲིག་ནན་མོ་དང་ལག་བསྟར་བཟང་བོ་བྱེད་པ་དང་ལྟ་ཞིབ་ལག་བསྟར་དམ་འཛིན་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་བ་དང་། བྱ་དགའ་དང་ཆད་པ་གཅོད་པ་གཉིས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པའི་རེ་བ་ལྟར། ལྟ་ཞིབ་ཀྱི་ལག་ལེན་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་སྲིད་གཞུང་བྱ་བའི་སྙན་ཞུའི་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་ཞིབ་བྱེད་པ་དང་། འགོ་ཁྲིད་བློ་མཐུན་གྱིས་སེམས་ཁུར་བྱེད་ས་དང་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་ས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་ལས་འགན་གལ་ཆེན་ལ་མཐོང་ཆེན་བྱེད་པ། ས་གནས་ཁྱད་ཆོས་དང་ཚོང་གཉེར་ཁོར་ཡུག་རྟོག་ཞིབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ཀྲུང་དབྱང་གི་སྲིད་འཛིན་བཀའ་རྒྱ་ཡོངས་བསྒྲགས་དང་སྲིད་ཇུས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་། སྲིད་འཛིན་སྡེ་ཁག་གིས་རང་འགུལ་གྱིས་འགན་ཁུར་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་མཐོར་གཏོང་དགོས་ཟེར།

ཝང་ཅན་ཅུནདང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་བར་དགའ་བསུ་དང་བཀའ་དྲིན་ཞུས། ཝང་ཅན་ཅུན་གྱིས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་བ་དེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་བྱ་བར་སེམས་ཁུར་བྱེད་ཀྱིན་པ་ཤེས་ཐུབ། ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་འགོ་རྩོམ་པའི་ལོ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། སྐབས་གསར་བའི་སྲིད་གཞུང་གིས་ཁྱོན་ཡོངས་འགན་ནུས་བསྒྲུབ་པའི་ལོ་གལ་ཆེན་ཡང་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་ཇུས་ཆོད་དང་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བྱེད་པ། འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚན་ཆུང་གིས་གནད་ཕིགས་ལྟ་ཞིབ་སྤེལ་བར་གཞོགས་འདེགས་བྱེད་པ་དང་། གནད་དོན་རྙེད་ཚེ་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་ཞིབ་ཚན་ཆུང་གིས་བསམ་འཆར་རྩ་ཆེན་མང་པོ་བཏོན་ནས། མཚོ་སྔོན་གྱིས་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པར་རོགས་བྱེད་དགོས་ཟེར། ཁོས་མཚོ་སྔོན་གྱིས་དེ་གོ་སྐབས་སུ་བརྩིས་ནས། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱི་གཞི་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་སྒོས་གཏན་འཇགས་ངང་འཕར་སྣོན་བྱེད་པ་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པའི་བྱ་བ་སྣ་ཚོགས་སྤེལ་བ། མཁྲེགས་གཏོར་ཆེན་པོ་གསུམ་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་དེ་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོ་བརྟན་བརླིང་ངང་སྤེལ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་རྒྱུའི་ཚུལ་བསྟན།

ཟླ་བརྒྱད་པའི་ཚེས་ཉེས་གསུམ་ཉིན་གྱི་སྔ་དྲོར། ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་ཐུག་འཕྲད་ཚོགས་འདུ་བསྡུས་ནས། ཐེངས་འདིའི་ལྟ་ཞིབ་སྔར་ལས་བཟང་བོར་སྤེལ་བའི་ཐད་ནས་བརྗེ་རེས་བྱས། ཆེད་དོན་ཚན་ཆུང་སོ་སོ་དང་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་བར་སྦྲེལ་མཐུད་བྱས་ནས། ལྟ་ཞིབ་བྱ་བའི་རེ་བ་ལྟར། གཞི་གྲངས་དང་དཔྱད་གཞི་ཡིག་ཆར་ཞིབ་བཤེར་དཔྱད་བསྡུར་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ལ། འབྲེལ་ཡོད་སྡེ་ཁག་ལ་འཚམས་འདྲི་བྱས་པ་དང་། འབྲེལ་ཡོད་ལས་བྱེད་མི་སྣ་དང་མང་ཚོགས་ལ་འཚམས་འདྲི་དང་གླེང་མོལ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ལ་ལྐོག་བཤེར་བྱས་ནས། བྱ་བ་སྣ་ཚོགས་བདེ་བླག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ།