ཝང་ཅན་ཅུན་དང་ལིག་ཉིང་གིས་རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་གླེང་ཚོགས་འདུར་ཞུགས་པའི་འཐུས་མིར་ཐུག་འཕྲད་བྱས།
2018.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 94

ཟླ་དགུ་བའི་ཚེས་གཉིས་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཟི་ལིང་ནས་རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་གླེང་ཚོགས་འདུར་ཞུགས་པའི་འཐུས་མིར་ཐུག་འཕྲད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་ཐུག་འཕྲད་བྱེད་རོགས་བྱས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། རྗེ་ཤེས་རབ་རྒྱ་མཚོ་མཆོག་གི་མི་ཚེ་གང་བོ་ནི་མི་རིགས་དང་མེས་རྒྱལ་ཐུགས་ལ་བཟུང་བའི་གོ་རིམ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བྱས་པའི་གོ་རིམ་ཞིག་ཀྱང་ཡིན་པར་མ་ཟད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་བྱས་ཏེ། རྒྱ་བོད་གཉིས་ཀྱི་རིག་གནས་བརྗེ་རེས་བྱ་བར་བྱས་རྗེས་བླ་མེད་བཞག་མྱོང་བས། ཁོང་ནི་ངེས་པ་དོན་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྡེ་ཁག་གི་མཁས་པའི་ཁྱུ་མཆོག་ཅིག་ཡིན། ང་ཚོས་རྗེ་ཤེས་རབ་རྒྱ་མཚོ་མཆོག་ལ་རྗེས་དྲན་བྱེད་པར་ཅིས་ཀྱང་དགེ་བཤེས་ཁོང་གི་བསམ་བློ་དང་སྙིང་སྟོབས་རང་རྒྱུད་ལ་ལེན་ཅི་ཐུབ་བྱས་ཏེ། མི་རབས་རྗེས་མས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་ལ་སྐུལ་སློང་དང་ཁྱབ་སྒྲོག་གང་ལེགས་བྱས་མཐར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་ཐེངས་འདིའི་ཐུག་འཕྲད་ལ་ཞུགས།