ཝང་ཅན་ཅུན་དང་ལིག་ཉིང་གིས་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2018.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 94

ཟླ་དགུ་བའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། རིགས་སོ་སོའི་མི་དམངས་ཚང་མ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་འགྲེམ་དཀྱིལ་སྙིང་དུ་འཛིན་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་དགོས། འཕེལ་རྒྱས་འདང་ངེས་མིན་པའི་གནད་དོན་ཐག་གཅོད་པར་བྱེད་ཐབས་ལེགས་པོ་འཐེན་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དངོས་འབེབས་བྱེད་པའི་ཁྲོད་ནས་དཀའ་སྤྱད་ལས་སྐྲུན་གྱི་ངར་ཤུགས་རྒྱུན་འཁྱོངས་བྱས་མཐར། བློ་བརྟན་འགྱུར་མེད་ངང་མགོ་ལོག་གི་ལས་དོན་ཚང་མ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་བསྟུད་མུར་ཉིན་གཉིས་ཀྱི་རིང་ལ། རྨ་ཆེན་རྫོང་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་དང་དགའ་བདེ་རྫོང་རྐྱང་ཆད་ཞང་གཉིས་སུ་སོང་ནས། ཡུལ་དངོས་ནས་བསྐྱར་དར་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས། མཁར་གྲོང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། དེ་བསྟུན་གྱི་མཛུབ་སྟོན་བསམ་བློ་ཞིབ་ཕྲ་བཏོན།

ཝང་ཅན་ཅུན་དང་ལིག་ཉིང་གིས་མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་དང་ལྷན་དུ་བཞུགས་མོལ་བྱེད་སྐབས། མགོ་ལོག་ཁུལ་གྱི་བྱ་བར་ཁས་ལེན་ཡང་དག་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། མགོ་ལོག་གི་རང་བྱུང་ཆ་རྐྱེན་ཐབས་རྡུགས་ཡིན་ལ་འཐབ་ཇུས་གོ་གནས་གལ་ཆེན་ཡིན་པས། ངེས་པར་དུ་གོ་སྐབས་དམ་འཛིན་དང་ཞན་ཆ་དུས་ལྟར་གསབ་པ། རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། ལྗང་མདོག་གི་གཙང་བོའི་འགོ་ཁུངས་ཞེས་པའི་གནས་ཐིག་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་དུ་འཇོག་དགོས་པར་མ་ཟད། མགྱོགས་མྱུར་ངང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཙན་ས་བསྐྲུན་ཏེ། ཞིང་ཆེན་ཡོངས་ནས་སྐྱེ་ཁམས་ལ་བརྟེན་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཐབ་ཇུས་ལག་ལེན་དུ་བསྟར་བར་ཤེས་རབ་དང་སྟོབས་ཤུགས་གང་ཡོད་རྩལ་དུ་འདོན་དགོས། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་བར་སྲུང་སྐྱོབ་བྱས་ཏེ། གསར་འཛུགས་བྱ་བར་ཤུགས་སྣོན་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཤིང་། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཕྱོགས་སོ་སོའི་བརྩོན་སེམས་ལ་སྐུལ་སློང་བྱས་མཐར། མཉམ་དུ་འཛུགས་སྐྲུན་བྱེད་པ་དང་མཉམ་དུ་བཅོས་སྐྱོང་བྱེད་པ། མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་ཞིག་གྲུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། བསྒྲུབས་པའི་ལས་དོན་ལ་འབྲས་བུ་ཡོད་པ་རྒྱུན་འཁྱོངས་བྱེད་དགོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཁྱད་ལྡན་ཕྱུགས་ལས་སྟོབས་ལྡན་ཅན་དུ་བསྒྱུར་དགོས། ཤུགས་ཆེན་པོས་འཚོ་བ་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། ཤུགས་ཆེན་པོས་རིག་གནས་དང་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་བར་འབད་དེ། བསམ་ཤེས་ཀྱི་འཕེལ་རྒྱས་དང་བདེན་གཉེར་གྱི་འཕེལ་རྒྱས་རྣམ་པ་མངོན་འགྱུར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། མུ་མཐུད་དུ་དབུལཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་བདེ་ཐང་འཚོ་བ་ཇེ་མཐོར་གཏོང་དགོས། ཤུགས་ཆེན་པོས་མིའི་ཆེད་དུ་དངུལ་གཏོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། ལས་ཞུགས་འགན་སྲུང་གི་ཆུ་ཚད་བཟང་བོར་བསྒྲུབ་མཐར། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཏང་གི་འགོ་ཁྲིད་འབུར་དུ་ཐོན་པར་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་པར་དོ་དམ་བཅོས་སྐྱོང་ནན་མོ་བྱས་མཐར། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཆབ་སྲིད་བརྩིས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པ་བློ་ཐག་རྦད་ཆོད་དང་ནུས་ལྡན་ཡིན་པས། ལས་རིམ་ཁག་སོ་སོའི་བྱ་བར་འཕེལ་རྒྱས་གསར་བ་བྱུང་ཡོད། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། མགོ་ལོག་ཁུལ་རང་སྟེང་གི་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དམ་པོར་འཛིན་དགོས་ཤིང་། ཉེན་ཁ་ཅི་ཡོད་འགོག་སྲུང་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ཕན་བདེ། སྟོབས་ལྡན་གྱི་ཏང་འཛུགས་སྐྲུན་བྱེད་པ་བཅས་ལ་འབད་མཐར། ཤུགས་ཆེན་པོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ཟེར།

ཧན་ཅིན་ཧྭ་ཐེངས་འདིའི་རྟོག་ཞིབ་བྱ་འགུལ་ལ་ཞུགས།