ཝང་ཡུས་པའོ་ཡིས་ས་གནས་ནད་རིགས་འགོག་བཅོས་དང་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་བྱ་བར་རྟོག་ཞིབ་བྱས།
2018.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ས་གནས་ནད་རིགས་འགོག་བཅོས་དང་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་བྱ་བར་རྟོག་ཞིབ་བྱས།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་རྒྱལ་ཡོངས་ས་གནས་ནད་རིགས་འགོག་བཅོས་ཆེད་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་བརྟན་པོར་བཙུགས་ཏེ་མི་དམངས་མང་ཚོགས་ལ་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཡུས་པའོ་སྔ་གཞུག་ཏུ་ཞིང་ཆེན་ས་གནས་ནད་རིགས་འགོག་བཅོས་ཁང་དང་ཞིང་ཆེན་ནད་རིགས་འགོག་བཅོས་ལྟེ་གནས།  ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བཅས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་བསྟན་དོན། མཚོ་སྔོན་ནི་ས་གནས་ནད་རིགས་འབྱུང་ཚད་མང་བ་དང་འབྱུང་ཚད་མཐོ་བའི་ས་ཁུལ་ཞིག་ཡིན་པ་དང་། ལོ་མང་པོའི་རིང་གི་འབད་བརྩོན་བྱས་པ་བརྒྱུད། ས་གནས་ནད་རིགས་མཆེད་ཚད་ནུས་ཡོད་སྒོས་ཚོད་འཛིན་ཐེབས་ཡོད་མོད། འོན་ཀྱང་འགོག་བཅོས་ལས་འགན་ད་རུང་ཧ་ཅང་ལྕི། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགོག་བཅོས་ཟུང་འབྲེལ་དང་། མཉམ་འབྲེལ་སྔོན་འགོག་དང་མཉམ་འབྲེལ་ཚོད་འཛིན་སོགས་རྒྱུན་འཁྱོངས་བྱས་ཏེ་ཐུམ་འབུའི་ནད་སོགས་ས་གནས་ནད་རིགས་འགོག་བཅོས་འཐབ་འཛིང་ལས་རྒྱལ་བར་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་མང་ཚོགས་ལ་ཐེབས་པའི་གནོད་འཚེ་ཇེ་ཉུང་དུ་གཏང་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ནི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་ནང་དོན་གལ་ཆེན་ཞིག་ཡིན། བདེ་ཐང་ཆེན་པོའི་འདུ་ཤེས་ལ་བརྟེན་ནས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ་དང་།  ནད་བཅོས་གཙོར་བྱེད་པ་དེ་མི་དམངས་ཀྱི་བདེ་ཐང་གཙོ་ཡིན་པའི་ཕྱོགས་སུ་ཚུལ་སྒྱུར་བྱེད་དགོས།  ནད་རིགས་འགོག་བཅོས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཐོལ་བྱུང་གི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་འགོས་ནད་དང་འགོས་ནད་མིན་པའི་ནད་རིགས་ཀྱི་འགོག་བཅོས་དང་ཚོད་འཛིན་ཇེ་དྲག་ཏུ་གཏོང་དགོས།  རིམས་འགོག་འཆར་འགོད་དོ་དམ་ལ་ཤུགས་བསྣན་ནས་འགོག་སྨན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།  ལས་རིགས་འཕྲོད་བསྟེན་བྱ་བར་ཤུགས་བསྣན་ནས་བདེ་ཐང་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས། བུད་མེད་དང་བྱིས་པའི་བདེ་ཐང་གི་ཞབས་ཞུའི་ནུས་པ་མཐོར་འདེགས་དང་བུད་མེད་དང་བྱིས་པའི་སྤྱི་ཐུན་འཕྲོད་བསྟེན་ལས་གཞི་ལག་བསྟར་བཟང་བོ་བྱས་ཏེ་བུད་མེད་དང་བྱིས་པར་བདེ་ཐང་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།