མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་ཆུ་དཔོན་གྱི་ཡུལ་དངོས་གྲོས་ཚོགས་བསྡུས།
2018.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་ཆུ་དཔོན་གྱི་ཡུལ་དངོས་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། མཚོ་སྔོན་གྱི་རྨ་ཆུའི་ཆུ་དཔོན་ཝང་ཡུས་པའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། རྨ་ཆུའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་ཁུལ་དང་རྫོང་གི་ལས་བྱེད་པ་དང་མཉམ་དུ་ཆུ་རྒྱུད་ནས་སྐོར་ཞིབ་བྱས་པ་དང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་གཅན་ཚ་རྫོང་གིས་རྨ་ཆུའི་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་དང་ཤ་བོ་འགག་ཆུ་མཛོད་ཀྱི་གསོ་སྤེལ་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་བསྟན་དོན། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་བླ་མེད་ཀྱི་འགན་འཁྲི་དང་། ཆབ་སྲིད་འགན་འཁྲི་གལ་ཆེན་ཡིན་པས། རྨ་ཆུའི་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་འགུལ་སྐྱོད་གལ་ཆེན་དུ་བརྩི་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པའི་རེ་བ་གལ་ཆེན་དང་། དམངས་ཚིས་ལེགས་སྒྱུར་གྱི་བྱེད་ཐབས་གལ་ཆེན་དུ་བརྩི་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན། རྨ་ཆུའི་དོ་སྲུང་གནད་དོན་གྱི་ངོ་བོ་ནི་ཆུ་ཡིན་ལ། གནད་དོན་ནི་ཆུ་འགྲམ་ཡིན་པ་དང་། རྩ་བའི་སྟེང་ནས་བཤད་ན་ཐོན་སྐྱེད་དང་འཚོ་བའི་རྣམ་པའི་གནད་དོན་ཡིན་པས། གཙོ་གནད་འབུར་ཐོན་བྱེད་པ་དང་། ཆུའི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་དང་ཚོད་འཛིན་དང་། ཆུ་བཀོལ་ལས་ཆོད་ཚོད་འཛིན། ཆུའི་རྩོལ་ནུས་ཁུལ་གྱི་བཙོག་བཟོ་ཚོད་འཛིན་བྱེད་པའི་དམར་མཚམས་གསུམ་དམ་སྲུང་བྱས་ཏེ། བརྟན་བརླིང་ངང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་ཆུའི་བཙོག་བཟོ་འགོག་བཅོས་བྱེད་པ། ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། ཆུའི་སྐྱེ་ཁམས་སླར་གསོ་བྱེད་དགོས། ཁྲིམས་འཛིན་ལ་ཤུགས་སྣོན་པ་དང་། ཁྲིམས་དང་འགལ་བའི་སྒོ་ནས་ཕྱེ་མ་སྔོག་འདོན་བྱེད་པར་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བརྟན་བརླིང་ངང་རྨ་ཆུའི་ཆུ་རྐའི་བཙོག་བཟོ་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་དགོས། ཉེན་ཁར་ཞིབ་བཤེར་དང་སྔོན་འགོག་བྱེད་པ་དང་། ས་ཆུ་ཤོར་བར་བཅོས་སྐྱོང་བྱས་ཏེ། རྨ་ཆུའི་ཆུ་ལོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།  རྨ་ཆུའི་འགྲམ་རྒྱུད་ཀྱི་ལྗང་སྒྱུར་དང་རྨ་ཆུའི་བཞུར་རྒྱུན་གྱི་གཞུང་ལམ་འཛུགས་སྐྲུན་བྱ་བ་མགྱོགས་མྱུར་སྒོས་སྤེལ་ནས། རྨ་ཆུའི་བཞུར་རྒྱུན་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་ཁུལ་དང་རིག་གནས་གནས་སྐོར་ལམ་ཐིག་འཛུགས་སྐྲུན་བྱེད་དགོས་ཟེར།