ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱིས་རྒྱུད་གཅིག་ལམ་གཅིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། གོ་སྐབས་འདུ་ཤེས་དང་རྗེས་སྙེག་དང་སྔོན་སྐྱོད་འདུ་ཤེས། གཅིག་གྱུར་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་ཏང་ཨུས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ལམ་བུ་བཏོད་པ་དང་ཉོ་ཚོང་དངོས་ཟོག་ལྟེ་གནས་འཛུགས་པ། ཐོན་ལས་གལ་ཆེན་དང་མི་གཞུང་བརྗེ་རེས་རྟེན་གཞི་འཛུགས་པའི་དམིགས་འབེན་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཚོགས་འདུར་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་དང་ཐེན་ཅིན་ཁྲིན་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ལིག་ཉིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་ནི་འཐབ་ཇུས་ཆེན་པོ་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་མིག་རྒྱ་ཡོད་པ་དང་གོ་སྐབས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་ནི་སྒོ་འབྱེད་ཀྱི་ལམ་བུ་དང་འཕེལ་རྒྱས་ཀྱི་ལམ་བུ། མཉམ་རྒྱལ་གྱི་ལམ་བུ་ཡིན་ལ། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་རང་བཞིན་གྱི་མཛུབ་ཁྲིད་ཡིན་པར་ངོས་འཛིན་གསལ་བོ་བྱེད་པ་དང་། མཉམ་བསྲེས་མ་བྱས་ཚེ་ནོར་འཛོལ་འབྱུང་ངེས་པ་དང་། དེའི་ཁྲོད་མ་ཞུགས་ཚེ་རྗེས་སུ་ལུས་འགྲོ་བས། ངེས་པར་དུ་མིག་རྒྱ་ཆེ་རུ་གཏོང་བ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ་། སྒྲིག་གཞི་རྐྱེན་སྲོལ་གྱི་བཀག་སྡོམ་གཏོར་བ། ཇུས་འགོད་བཟང་བོ་བྱེད་པར་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་དང་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚུལ་བསྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་ནི་འགྲན་རྩོད་ཆེན་པོ་ཡིན་པས། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རྗེས་སྙེག་དང་སྔོན་སྐྱོད་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་ནི་གནའ་བོའི་དར་གོས་ཚོང་ལམ་ལྷོ་ལམ་གྱི་ལམ་གལ་ཆེན་ཡིན་ན་ཡང་། ལོ་རྒྱུས་ཀྱི་གོ་གནས་ཀྱིས་ད་ལྟའི་གོ་གནས་ཀྱི་ཚབ་བྱེད་མི་ཐུབ་ལ། སྔོན་ཆད་ཡོད་ན་ད་ལྟ་ཡང་ཡོད་པ་མཚོན་མི་ཐུབ་པས། ངེས་པར་དུ་གྲུབ་འབྲས་ལ་ཁས་ལེན་བྱེད་པའི་ཞོར་དུ། མཚོ་སྔོན་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པའི་ཞན་ཆ་དང་མི་འདང་ས་མཐོང་དགོས་པ་དང་། དུས་ཚོད་དང་གོ་སྐབས་དམ་འཛིན་བྱས་ནས་མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཚད་གསར་བ་ཞིག་སྐྲུན་དགོས་ཟེར།
ལིག་ཉིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་ནི་འཆར་འགོད་ཆེན་པོ་ཡིན་པས། ངེས་པར་དུ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁྱད་ཆོས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་གྱི་དགེ་མཚན་ཤེས་པར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྦས་ཤུགས་སྔོག་འདོན་བྱས་ནས། ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། སྣེ་ཁྲིད་རང་བཞིན་དང་ལག་བསྟར་རང་བཞིན། ཚན་རིག་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ལམ་བུ་དྲུག་སོགས་རེ་བར་དཔེ་བལྟ་བྱེད་པ། ཚུལ་སྒྱུར་རིམ་སྤོར་གྱི་བྱ་བ་བཟང་བོར་བསྒྲུབ་པ་ལས། འདོད་ཆེན་མཐོ་སྙེག་བྱེད་མི་རུང་བ་དང་ཚད་གཞི་ཇེ་དམའ་རུ་དེ་ལས་ཀྱང་གཏོང་མི་རུང་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་ནི་མཉམ་བསྲེས་ཆེན་མོ་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་གཅིག་གྱུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་ཅི་ཡོད་འདོན་པ་དང་རང་གིས་ཐུབ་ཚོད་ལྟར་སྒྲུབ་པ་དང་། སྤྱི་ཁོག་ནས་སྤེལ་བ་དང་གཙོ་གནད་འབུར་ཐོན། ནང་ཕྱོགས་དང་ཕྱི་ཕྱོགས་བཅས་བར་གྱི་འབྲེལ་བ་གཅིག་གྱུར་སྒོས་ཐག་གཅོད་བཟང་བོ་བྱེད་པ་དང་། སྤྱི་ཡོངས་རང་བཞིན་དང་ཡོངས་ཁྱབ་ཏུ་བཀོལ་ཆོག་པའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་མ་ཟད། ས་ཁུལ་དང་ཁྱབ་ཁོངས། ལས་གཞི་གཙོ་བོར་དམིགས་ནས། ཕྱིར་གཏོང་བ་དང་ནང་དུ་འདྲེན་པ་གཉིས་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁུལ་ཁོངས་སྒོ་འབྱེད་དང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་སྟེ། ཤུགས་ཡོད་པ་དང་གོ་རིམ་ལྡན་པ། གྲུབ་འབྲས་ལྡན་པའི་སྒོ་ནས་མཉམ་འཛུགས་ལ་ཞུགས་པའི་གོ་རིམ་ཁྲོད་འཕེལ་རྒྱས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས་ཟེར།