ཝང་ཅན་ཅུན་གྱིས་ཚོགས་པ་ཁྲིད་དེ་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས།
2018.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 307

ཨུ་རུ་སི་དཀར་པོའི་དཔལ་འབྱོར་པུའུ་ཡིས་གདན་ཞུ་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་པ་ཁྲིད་དེ་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཨུ་རུ་སི་དཀར་པོར་མཛའ་བརྩེའི་འཚམས་འདྲི་བྱས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། ཝང་ཅན་ཅུན་དང་ཨུ་རུ་སི་དཀར་པོའི་ཆབ་སྲིད་འགོ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ། རིག་གནས་བརྗེ་རེས་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ལྟ་བ་གྲུབ་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་དངོས་གཉེར་མཉམ་ལས་སྐུལ་འདེད་ཆེན་པོ་བཏང་།

རྟོག་ཞིབ་སྐབས་སུ། ཝང་ཅན་ཅུན་གྱིས་སྔ་གཞུག་ཏུ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ར་བ་དང་པིའེ་ལུའོ་ཝེ་རི་རྒྱལ་ཁབ་སྤྱི་གླིང་དུ་སོང་ནས། པིའེ་ལཱ་སི་གཏེར་བཀོལ་རླངས་འཁོར་བཟོ་སྐྲུན་བཟོ་གྲྭ་སོགས་ཁེ་ལས་ལ་ལྟ་སྐོར་བྱས་པ་མ་ཟད། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་པུའུ་ལིའེ་སི་ཐི་དཔའ་བོའི་བཙན་རྫོང་ལ་མེ་ཏོག་ཕུལ།

ཨུ་རུ་སི་དཀར་པོའི་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཐུའུ་སེ་ཝེ་ལ་ཐུག་འཕྲད་བྱེད་སྐབས། ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུད་རིམ་ལ་ཕྱིར་ལྟ་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག མཚོ་སྔོན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ཏེ། ཧུར་ཐག་གིས་ནུབ་ཕྱོགས་སུ་སྒོ་འབྱེད་བྱེད་པའི་འཐབ་ཇུས་ལམ་བུ་དང་ཉོ་ཚོང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས། ཐོན་ལས་གལ་ཆེན་དང་མི་གཞུང་བརྗེ་རེས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་གཉིས་ཀྱི་འབྲེལ་བ་བཟང་ཞིང་ཕན་ཚུན་ཡིད་རྟོན་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་བཟང་དུ་སོང་ལ། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དུས་རིམ་གསར་བར་ཞུགས། མཚོ་སྔོན་དང་ཨུ་རུ་སི་དཀར་པོ་གཉིས་ཀ་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་སྟེང་ས་ཁུལ་གཙོ་བོ་ཡིན་པ་དང་། ཐོན་ལས་ཐད་ནས་ཁ་གསབ་རང་བཞིན་ལྡན་པ་དང་། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་སྔར་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་བོའི་སྟེང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ར་བའི་ཐད་ནས་གྲུབ་པའི་ཐོན་ལས་ཆ་སྡེབས་དང་ལས་སྐྲུན་ཁོར་ཡུག་བཟང་བོ་ལ་རྒྱབ་རྟེན་ནས། བཟོ་ལས་དང་ཉོ་ཚོང་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། མཉམ་སྦྲེལ་མཉམ་མཐུད་དང་གཉིས་ཕན་མཉམ་རྒྱལ་གྱི་ལྕགས་ཟམ་ཆེན་པོ་འཛུགས་དགོས་ཟེར། ཨུ་རུ་སི་ཕྱོགས་ཀྱིས་ཧྲུའུ་ཅི་ཝང་ཅན་ཅུན་འཚམས་འདྲི་ཡོང་བར་དགའ་བསུ་ཆེན་པོ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཁྲོད་ཞུགས་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་གཉིས་ཀྱི་ས་གནས་བར་གྱི་བརྗེ་རེས་རྒྱ་སྐྱེད་དེ། མཉམ་དུ་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཚུལ་བསྟན།

པུའུ་ལིའེ་སི་ཐིག་ཀྲིག་ཏུ། ཝང་ཅན་ཅུན་གྱིས་ཀྲིག་གྲོས་ཁང་གི་ཀྲུའུ་ཞི་ནཱ་ཨེར་ཀའེ་ཝེ་ཆི་ལ་ཐུག་འཕྲད་བྱས་པ་མ་ཟད། ཨུ་རུ་སི་དཀར་པོར་སྡོད་པའི་གཞུང་ཚབ་ཆེན་མོ་ཚུའེ་ཆི་མེན་ཐུག་འཕྲད་བྱས།