ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2018.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་མིའི་ཐབས་ཀྱི་རིག་ནུས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་དགུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་འགོ་འཛིན་མཛད་སྐབས། མིའི་ཐབས་ཀྱི་རིག་ནུས་ནི་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ཀྱི་སྒུལ་ནུས་གལ་ཆེན་ཡིན་ལ། རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་ནི་རང་རྒྱལ་གྱིས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱེད་ཐུབ་མིན་གྱི་འཐབ་ཇུས་གནད་དོན་ཡིན་པས། རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས། འགོ་ཁྲིད་ལ་ཤུགས་སྣོན་པ་དང་འཆར་འགོད་བཟང་པོ་བྱེད་པ། ལས་འགན་གསལ་བོར་བགོ་བ། རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཟབ་མོར་འདྲེས་པར་ཡར་སྐུལ་བྱེད་དགོས་པ་དང་། རང་རྒྱལ་གྱི་རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀའོ་ཝུན་གྱིས་གནད་དོན་དེའི་ཐད་ནས་འཆད་ཁྲིད་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་གླེང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་འཆད་ཁྲིད་ལ་ནན་གྱིས་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ནས་གྲོས་སྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མིའི་ཐབས་ཀྱི་རིག་ནུས་ནི་སྐོར་ཐེངས་འདིའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཡིན་པས། སྐུལ་ཁྲིད་རང་བཞིན་གྱི་ནུས་པ་ཆེན་པོ་ལྡན། སྤོ་སྒུལ་མཉམ་འབྲེལ་དྲ་བ་དང་། གཞི་གྲངས་ཆེན་པོ། རིམ་འདས་རྩིས་འཁོར། ཚོར་བརྡ་བརྒྱུད་གཏོང་དྲ་བ། ཀླད་དཔྱད་ཚན་རིག་སོགས་གཞུང་ལུགས་གསར་པ་དང་ལག་རྩལ་གསར་པའི་སྐུལ་ཁྲིད་འོག་ཏུ། མིའི་ཐབས་ཀྱི་རིག་ནུས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ནས། སློབ་སྦྱོང་ཟབ་མོ་དང་མཚམས་བརྒལ་མཉམ་འདྲེས། མི་དང་འཕྲུལ་ཆས་མཉམ་འགུལ། མང་ཚོགས་ཀྱི་རིག་ནུས་ཆེར་འབྱེད། རང་བདག་ཚོད་འཛིན་སོགས་ཀྱི་ཁྱད་ཆོས་གསར་པ་མངོན་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་གོང་འཕེལ། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་རྣམ་པ་སོགས་ཐད་ལ་གལ་ཆེ་ཞིང་གཏིང་ཟབ་པའི་ཤན་ཤུགས་ཐེབས་བཞིན་ཡོད། རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་མྱུར་དུ་གོང་འཕེལ་ལ་གཏོང་བ་ནི་ང་ཚོར་འཛམ་གླིང་ཡོངས་ཀྱི་ཚན་རྩལ་འགྲན་རྩོད་ཀྱི་རང་བདག་དབང་ཆ་ཐོབ་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཡིན་ལ། རང་རྒྱལ་གྱི་ཚན་རྩལ་མཆོང་སྐྱོད་ཀྱིས་འཕེལ་རྒྱས་སུ་འགྲོ་བ་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱེད་པ། ཐོན་སྐྱེད་ནུས་ཤུགས་སྤྱིའི་ཆ་ནས་མཐོར་འདེགས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་ཐབས་ཀྱི་རིག་ནུས་ལ་རིག་ཚན་སྣ་མང་འདྲེས་པ་དང་རྙོག་འཛིང་ཧ་ཅང་ཆེ་བའི་ཁྱད་ཆོས་ལྡན་པས། ང་ཚོས་ངེས་པར་དུ་ཞི་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ་དང་། གཅིག་འདོམས་འཆར་འགོད་བྱེད་པ། གཞོགས་འདེགས་གསར་གཏོད་དང་བརྟན་བརླིང་སྐུལ་སྤེལ་བཅས་བྱས་ཏེ། གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་གཙོ་གནད་དུ་འཛིན་པ་དང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་དེ་འབད་བརྩོན་གྱི་ཁ་ཕྱོགས་སུ་བཟུང་ནས། རབས་གསར་པའི་མིའི་ཐབས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་བའི་དུས་རིམ་ནས་སྤུས་ཚད་མཐོན་པོས་འཕེལ་བའི་དུས་རིམ་དུ་འགྱུར་བཞིན་ཡོད་ལ། འཕེལ་རྒྱལ་ཀྱི་རྣམ་པ་འགྱུར་བ་དང་དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར་བྱེད་པ། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྤོར་བྱེད་པ་བཅས་ཀྱི་འགག་སྒྲོལ་གྱི་དུས་སྐབས་སུ་གནས་པས། རབས་གསར་པའི་མིའི་ཐབས་ཀྱི་རིག་གནས་སོགས་གསར་གཏོད་གལ་ཆེན་གྱི་རྒྱབ་སྐྱོར་ཧ་ཅང་མཁོ། ང་ཚོས་རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ཟབ་བྱེད་པ་དང་། མིའི་ཐབས་ཀྱི་རིག་གནས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་ཐབས་ཀྱི་རིག་ནུས་དང་དམངས་ཚིས་འགན་སྲུང་ལེགས་བཅོས་གཉིས་ཟུང་སྦྲེལ་བྱེད་པར་ཤུགས་བསྣན་ནས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། མི་དམངས་ལ་མཛེས་སྡུག་གི་འཚོ་བ་བསྐྲུན་པའི་དགོས་མཁོར་དམིགས་ཏེ། མིའི་ཐབས་ཀྱི་རིག་ནུས་དེ་མི་རྣམས་ཀྱི་དུས་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད་དུ་རྒྱ་ཆེར་བཀོལ་བར་སྐུལ་འདེད་གཏོང་དགོས་པ་དང་། སྔར་ལས་རིག་ནུས་ཅན་གྱི་བྱ་བ་སྒྲུབ་སྟངས་དང་འཚོ་བ་རོལ་སྟངས་ཤིག་བསྐྲུན་དགོས། དམངས་ཚིས་ཁྱབ་ཁོངས་ཀྱི་འབུར་ཐོན་འགལ་བ་དང་དཀའ་ཁག་དམ་འཛིན་གྱིས་མིའི་ཐབས་ཀྱི་རིག་ནུས་དེ་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། ལུས་རྩལ། སྡོད་ཁང་། འགྲིམ་འགྲུལ། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར། རྒན་གསོ། ཁྱིམ་ལས་ཞབས་ཞུ་སོགས་ཁྱབ་ཁོངས་ནས་རྒྱ་ཆེར་བཀོལ་བར་ཤུགས་བསྣན་ཏེ་རིག་ནུས་ཞབས་ཞུའི་མ་ལག་གསར་སྐྲུན་བྱེད་དགོས། མིའི་ཐབས་ཀྱི་རིག་ནུས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཟུང་སྦྲེལ་ལ་ཤུགས་སྣོན་པ་དང་། སྲིད་གཞུང་ཞབས་ཞུ་དང་ཇུས་ཆོད་ཐད་བཀོལ་བར་འཚམ་པའི་མིའི་ཐབས་ཀྱི་རིག་ནུས་མ་ལག་གསར་སྤེལ་བྱེད་པ། སྲིད་དོན་ཆ་འཕྲིན་ཐོན་ཁུངས་ཀྱི་གཅིག་བསྡུས་དང་སྤྱི་ཐུན་དགོས་མཁོའི་གནད་འཁེལ་སྔོན་དཔག་ལ་ཤུགས་སྣོན་པ། ཤེས་རབ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། མིའི་ཐབས་ཀྱི་རིག་ནུས་དེ་སྤྱི་ཐུན་བདེ་འཇགས་ཁྱབ་ཁོངས་ནས་རྒྱ་ཆེར་བཀོལ་བར་ཡར་སྐུལ་བྱེད་པ། སྐྱེ་ཁམས་ཁྱབ་ཁོངས་ནས་མིའི་ཐབས་ཀྱི་རིག་ནུས་བཀོལ་བར་ཤུགས་སྣོན་པ་བཅས་བྱས་ཏེ། མིའི་ཐབས་ཀྱི་རིག་ནུས་བཀོལ་ནས་སྤྱི་ཐུན་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།