ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། མཚོ་སྔོན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། བྱམས་སྐྱོང་གི་བློ་རྒྱ་བཟུང་ནས་གཞན་ལ་ཕན་འདོགས་པ་དང་གཞན་ཀྱི་ན་བའི་སྡུག་བསྔལ་སེལ་བ། སྨན་བཅོས་དང་འཕྲོད་བསྟེན་ལམ་ལུགས་ལ་རྨང་གཞི་འདིང་བ་ནས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་བྱེད་པ། སྒྲོམ་གཞི་བཟོ་བ་ནས་ལམ་ལུགས་འཛུགས་པའི་ཕྱོགས་སུ་འཕེལ་བར་བྱེད་པ། ཆིག་རྐྱང་བའི་ཐོད་བརྒལ་ནས་མ་ལག་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་འཕེལ་བར་བྱེད་པ་བཅས་ལ་འབད་མཐར། སྨན་བཅོས་བཅོས་སྒྱུར་བྱ་བའི་ཕན་འབྲས་མངོན་གསལ་ཇེ་ལེགས་སུ་བཏང་ནས། མི་དམངས་མང་ཚོགས་ལ་བདེ་ཐང་དང་བདེ་སྐྱིད་བསྩོལ་དགོས་ཟེར།
རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚུང་ལི་ཚོགས་འདུར་ཞུགས་ནས་གཏམ་བཤད། ལིག་ཉིང་གིས་བསྟན་དོན། རབས་གསར་བའི་སྨན་བཅོས་བཅོས་སྒྱུར་ལས་སྒོ་སྤེལ་ནས་ལོ་ངོ་དགུ་འགོར་བའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ནན་ཏན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་ཐང་ཀྲུང་གོ་བསྐྲུན་པའི་འཐབ་ཇུས་དང་། སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་ནན་མོ་བྱས་ནས། ལྔ་བཞི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱེད་པ་དང་། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་བཅོས་སྒྱུར་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་འཛིན་པ་བཅས་ལ་འབད་མཐར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་ཅན་དུ་བཏང་བ་དང་། རིམ་དབྱེའི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་སྒྲུབ་བྱས་པ་ལས་གཞན། ཁྱོན་ཡོངས་ནས་སྨན་བཅོས་འགན་སྲུང་མ་ལག་སྔར་ལས་འཐུང་ཚང་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བར་མ་ཟད། གཞི་རྩའི་སྨན་རྫས་ལམ་ལུགས་སྔར་ལས་ཇེ་བརྟན་དུ་བཏང་ནས་ལག་བསྟར་བྱས། དེ་མིན་ད་དུང་གཞི་རིམ་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་མཐར། མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བཟོས་ཡོད་ཟེར།
གྲོས་ཚོགས་ལས་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བར་རྟོག་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་དཔྱད་ཞིབ་དཔྱོད་འཇོག་བྱ་བའི་ཇུས་གཞིར་ཞིབ་འཇུག་བྱས།