ཝང་ཅན་ཅུན་དང་ལིག་ཉིང་གིས་རྨ་ལྷོའི་བྱ་བར་རྟོག་ཞིབ་བྱས།
2018.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྨང་གཞི་བརྟན་པོ་འདིང་བ། རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྒྲིག་དང་ལེགས་བཅོས་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་དམ་པོར་འཛིན་པ་བཅས་ལ་འབད་མཐར། བར་མ་ཆད་པའི་སྒོ་ནས་རྨ་ལྷོའི་བྱ་བར་རྣམ་པ་གསར་བ་བཏོད་དགོས་ཟེར།

དགུན་འགོ་མའི་ནང་གི་རྨ་ལྷོ་ཁངས་ཀྱིས་བཟུང་ཡོད་པས་གྲང་ངར་ཧ་ཅང་ཆེ། ཝང་ཅན་ཅུན་དང་ལིག་ཉིང་སྔ་གཞུག་བྱས་ཏེ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བ་དང་། ཐུན་རིན་རྫོང་གཉན་ཐོག་ཞང་རྐ་གསར་སྡེ་བ། ཐུན་རིན་རྫོང་རོང་བོ་གྲོང་རྡལ་བཅས་སུ་སོང་ནས། ཡུལ་དངོས་ནས་དབུལ་ཐར་མཁྲེགས་གཏོར་དང་། ཞང་དང་སྡེ་བའི་ཡུལ་སྐོར། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། རེབ་གོང་རིག་གནས་འཕེལ་རྒྱས། རོང་བོ་དགུ་ཆུའི་སྐྱེ་ཁམས་བཅོས་སྐྱོང་སོགས་ལ་རྟོག་ཞིབ་བྱས་པར་མ་ཟད། མཛུབ་སྟོན་ཞིབ་མོ་དང་བསམ་འཆར་ཞིབ་མོ་བཏོན།

ཝང་ཅན་ཅུན་དང་ལིག་ཉིང་གིས་རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་ཡི་བཞུགས་མོལ་ཚོགས་འདུའི་སྟེང་ནས། རྨ་ལྷོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། རྨ་ལྷོའི་འཕེལ་རྒྱས་ནི་མཚོ་སྔོན་གསར་འཛུགས་ཀྱི་སྤྱིའི་ལས་དོན་དང་དམ་པོར་འབྲེལ་ཡོད། ཁུལ་ཡོངས་ཀྱི་གནས་ཚུལ་ལ་གོ་བ་ལེན་ཚད་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱེད་པ། ལས་དོན་ཡོད་ཚད་ད་ཡོད་གནས་ཚུལ་དངོས་ནས་རྐང་འཛུགས་པ། རྨ་ལྷོ་རྐང་འཛུགས་སར་བརྩིས་ཏེ་རྨ་ལྷོ་འཕེལ་རྒྱས་སུ་གཏོང་བ། རྨ་ལྷོའི་ཁྱབ་ཁོངས་ལས་བུད་དེ་ཕྱིར་རྨ་ལྷོའི་ལས་དོན་ཡོངས་ལ་ཞིབ་ལྟ་བྱེད་པ། མིག་རྒྱང་རིང་བོ་འཛིན་པ། བསམ་བློ་རྒྱུན་རིང་གཏོང་བ། འཆར་འགོད་དོན་གནས་བྱེད་པ་བཅས་ལ་འབད་མཐར། དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་ཤུལ་རྗེས་བསྙེག་ཅི་ཐུབ་བྱེད་དགོས། འཕེལ་རྒྱས་ཀྱི་དཀའ་གནད་རིམ་པར་སེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་ནན་མོ་བྱེད་པ། བར་མ་ཆད་པའི་འཕེལ་རྒྱས་ལྟ་བ་དང་འཕེལ་རྒྱས་ཀྱི་དུས་རིམ་ལྟ་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་དང་སྙིང་རུས། ངེས་ཤུགས་བཅས་རྒྱུན་འཁྱོངས་བྱེད་པ། གནད་ས་དམ་འཛིན་དང་ཞན་ཆ་དུས་ལྟར་གསབ་པ། ལས་གཞི་དྲག་ཞན་སྙོམ་པར་འཛིན་པ་བཅས་ལ་འབད་དེ། གནད་ས་ཐོད་བརྒལ་འབྱུང་བར་བྱས་ཏེ་ལས་དོན་སྤྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིག་སྔའི་བྱ་བ་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ་དང་ལས་དོན་ཚང་མ་ནོར་འཆུག་མི་འབྱུང་བར་བྱེད་པ། ད་ལྟ་སྒྲུབ་བཞིན་པའི་ལས་དོན་བདེན་པར་འཛིན་པ་བཅས་ལ་འབད་དེ། ཕན་འབྲས་ལོན་པར་བྱེད་དགོས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འོས་འགན་ཕྲག་སྟེང་དུ་ལེན་དགོས། སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས་དང་རིག་གནས་ཡུལ་སྐོར་སིམ་འདྲེས་འཕེལ་རྒྱས། ལྗང་མདོག་འཁོར་རྒྱུག་བཟོ་ལས། མཁར་གྲོང་ཅན་འཛུགས་སྐྲུན་བཅས་ཀྱི་ལས་དོན་བཟང་བོར་བསྒྲུབ་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་། རིགས་སོ་སོའི་མང་ཚོགས་ཡོངས་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མ་ཆད་པའི་སྒོ་ནས་ཇེ་མཐོར་གཏོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ། བསྐྱར་དཔར་དང་ཁྱབ་བརྡལ་དུ་བཏང་ཆོག་པའི་ཉམས་མྱོང་མང་པོ་འཚོལ་དཔྱོད་བྱེད་པ་བཅས་ལ་འབད་དེ། རིགས་སོ་སོའི་མང་ཚོགས་ཚང་མས་བདེ་ཐང་བདེ་སྐྱིད་ཀྱི་འཚོ་བའི་ཁྲོད་ནས་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཇི་བདེར་བསྐྱལ་ཆོག་པར་བྱེད་དགོས། ཆབ་སྲིད་སྐྱེ་ཁམས་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་པ་དང་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་འཛུགས་བྱ་བར་སེམས་ཤུགས་ཡོད་རྒུ་འདོན་པ། གནད་ས་འབུར་ཐོན་ཡོང་བར་བྱེད་པའི་སྒོ་ནས་ཏང་འཛུགས་ལས་དོན་དམ་པོར་འཛིན་པ། དུས་རབས་གསར་བ་དང་བླང་བྱ་གསར་བར་གོ་བ་ཡང་དག་ལེན་པ། ཁག་ཁུར་གྱི་འདུ་ཤེས་དྲག་པོ་འཛིན་པ་བཅས་ལ་འབད་མཐར། ཧུར་བརྩོན་ཆེན་པོས་རྨ་ལྷོའི་ལས་རིམ་ཁག་སོ་སོའི་བྱ་བར་རྣམ་པ་གསར་བ་བཏོད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པའི་འོས་འགན་ཕྲག་སྟེང་དུ་བླངས་ནས། ཤུགས་ཆེན་པོས་ལྗང་མདོག་ལྕགས་རི་བརྟན་པོར་བསྐྲུན་པར་མ་ཟད། འདེགས་སྐྱོར་མ་ལག་འཛུགས་སྒྲུབ་དང་དམངས་ཚིས་བདེ་སྐྱིད་ཀྱི་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ། བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་མཐར། ཧུར་བརྩོན་མདུན་སྐྱོད་དང་གསར་གཏོད། སྒོ་འབྱེད། ཁྲིམས་སྐྱོང་བཅས་ཀྱི་ཁྱད་ཆོས་རྫོགས་པའི་རྨ་ལྷོར་སྐྱེ་སྟོབས་ཀྱི་དཔལ་ཡོན་བསྩལ། རེ་བ་ཡིན་ན་རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། དགེ་མཚན་ཆེ་ཤོས་འདོན་སྤེལ་གང་ལེགས་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ལས་མིང་གྲགས་ཅན་བཟང་བོར་གཉེར་ནས། འཕེལ་རྒྱས་ཀྱི་རྨང་གདན་ཇེ་མཐུག་ཏུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་ཁ་མིན་དོན་གྱིས་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་ལ་སྟོབས་ཤུགས་གང་ཡོད་རྩལ་དུ་འདོན་དགོས་པར་མ་ཟད། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས། ལས་རིམ་གཉོན་ཞན་ལ་ཤུགས་བཀོལ་ནས། རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་མཐར། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པའི་ཁྲོད་ནས་བྱས་རྗེས་གང་ཡོད་འཇོག་དགོས་ཟེར།

ཝང་ཡུས་པོ་དང་ཡུས་ཚུང་ལི་གཉིས་གོང་གསལ་རྟོག་ཞིབ་བྱ་འགུལ་ལ་ཞུགས།