ཟླ11པའི་ཚེས6ཉིན་ནས་ཚེས7ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་གྱི་ཧྲང་ཧེ་ལྟེ་གནས་ཐོག་ཁང་ནས་གྲོང་ཁྱེར་གྱི་ཐོག་ཁང་འཛུགས་སྐྲུན་དང་ཏང་འཛུགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིསཚེས་དྲུག་ནས་བདུན་ཉིན་བར་ཧྲང་ཧེ་གྲོང་ཁྱེར་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ལ་ཡང་བསྐྱར་འབད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་པ། མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་བཟང་པོར་སྤེལ་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ནུས་རིམ་དང་སྲོག་ཤིང་འགྲན་རྩོད་ནུས་ཤུགས་མྱུར་དུ་མཐོར་འདེགས་བྱས་ནས། རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས་ཟེར།
ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་ནས། ཧྲང་ཧེ་ཡི་ཕྱོགས་སོ་སོའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧྲང་ཧེ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བྱས་ཏེ། འགན་ཁུར་ཆེས་ལྗིད་མོ་ཕྲག་ཏུ་ལེན་པ་དང་། དཀའ་ཁག་ཆེས་ཆེན་པོ་ཁྱད་དུ་སེལ་ཞིང་། ལམ་བཏོད་གདོང་མཆོང་དང་དཔེ་སྟོན་སྣེ་ཁྲིད། ཐོལ་བརྒལ་མཁྲེགས་གཏོར་བཅས་ཀྱི་ནུས་པ་བཏོན་ནས། རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཐུགས་རེ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧེ་ཡིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད་ལ། ཧྲང་ཧེ་ཡི་བྱ་བ་བཟང་པོར་བསྒྲུབ་པར་ཆེ་ཕྱོགས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཡོད་དགོས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཧྲང་ཧེ་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཞི་ཅིན་ཕིང་གིས་ཧྲང་ཧེ་ལ་ཕྱོགས་ལྔའི་བྱ་བའི་བླང་བྱ་བཏོན། གཅིག རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས། གཉིས། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས། གསུམ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་དགོས། བཞི། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ཟབ་སྤེལ་བྱེད་དགོས། ལྔ། ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།