ཟླ11པའི་ཚེས9ཉིན། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་བའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་བར་མ་ཟད་ཁ་ཏ་བསླབ་བྱ་གནང་།
རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་བའི་མཛད་སྒོ་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་གནང་བར་མ་ཟད་ཁ་ཏ་བསླབ་བྱ་གནང་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་མེ་འགོག་མེ་གསོད་རོགས་སྐྱོབ་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་འཛུགས་པ་ནི། ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་བསྟུན་ནས་ཐག་བཅད་པའི་འཐབ་ཇུས་ཇུས་ཆོད་ཡིན་ལ། རང་རྒྱལ་གྱི་གནས་ཚུལ་དང་གནོད་འཚེའི་དོན་རྐྱེན་གྱི་ཁྱད་ཆོས། དུས་རབས་གསར་པའི་རྒྱལ་ཁབ་འཕྲལ་བསྟུན་རོགས་སྐྱོབ་མ་ལག་འཛུགས་པ་བཅས་ལ་དམིགས་པའི་བྱེད་ཐབས་གལ་ཆེན་ཡིན། དེ་གནོད་འགོག་གནོད་སེལ་གྱིས་ནུས་པ་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གིས་ཏང་ལ་བློ་དཀར་བ་དང་། སྒྲིག་ལམ་དམ་པ། ཉེན་ཁར་མི་འཛེམས་པ། བློ་གཅིག་སེམས་གཅིག་གིས་མི་དམངས་བསམ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེས་ཆེ་བའི་སྐབས་སུ་སྔོན་ལ་མཆོང་བ་དང་། མི་དམངས་ཉེན་ཁ་ལས་སྐྱོབ་པ། མི་དམངས་ལ་སྟོབས་ཤུགས་སྦྱིན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱེད་དགོས་ཟེར།
དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། དར་ཆ་གནང་བའི་མཛད་སྒོ་འགོ་བརྩམས་པ་དང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
གཟབ་སྦྲེངས་རུ་མིས་ཀྲུང་གོ་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་རུ་དར་ཁྱེར་ནས་གོམ་སྟབས་འགྲིག་པོས་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་སྐྱོད་པ་དང་། ཞི་ཅིན་ཕིང་གིས་འཕྲལ་བསྟུན་དོ་དམ་པུའུ་མེ་འགོག་མེ་གསོད་རོགས་སྐྱོབ་ཀྱི་སྤྱིའི་ལྟ་སྐུལ་པ་ཧོང་མེན་ལ་དར་ཆ་གནང་། ཧོང་མེན་གྱིས་ཞི་ཅིན་ཕིང་ལ་གུས་ལུགས་ཕུལ་བ་དང་། ཞི་ཅིན་ཕིང་གི་ཕྱག་ནས་ཀྲུང་གོ་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་རུ་དར་བླངས། ཚོགས་རའི་མེ་འགོག་མེ་གསོད་རོགས་སྐྱོབ་མི་སྣ་ཡོངས་ཀྱིས་རུ་དར་ལ་གུས་ལུགས་ཕུལ།
དེའི་རྗེས་སུ། ཞི་ཅིན་ཕིང་གིས་ཁ་ཏ་བསླབ་བྱ་གནང་། ཁོང་གིས་བསྟན་དོན། དུས་ཡུན་རིང་པོར། མེ་འགོག་མེ་གསོད་རུ་ཁག་ནི་མང་ཚོགས་དང་ཆེས་ཉེ་ཞིང་འབྲེལ་འདྲིས་ཆེས་ཟབ་པའི་དཔུང་སྡེ་ཡིན་པའི་ཆ་ནས། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེས་ཆེ་ས་ནས་འབད་འཐབ་བྱས་པ་དང་། ལྷག་པར་དུ་གནོད་འཚེའི་དོན་རྐྱེན་ཆེན་པོའི་མདུན་ནས་ཉེན་ཁར་མ་འཛེམས་པར་སྔོན་ལ་མཆོང་སྟེ་བྱས་རྗེས་འབུར་ཐོན་བཞག་ཡོད། ལམ་ལུགས་བསྒྱུར་རྗེས། ཁྱོད་ཚོ་ནི་འཕྲལ་བསྟུད་རོགས་སྐྱོབ་ཀྱི་གཙོ་ཤུགས་དང་རྒྱལ་ཁབ་རུ་ཁག་ཡིན་པས། བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པ་དང་། གནོད་འཚེའི་དོན་རྐྱེན་སྣ་ཚོགས་ཐག་གཅོད་བྱེད་པའི་འགན་ནུས་གལ་ཆེན་ཕྲག་ཏུ་ཁུར་ཡོད་ལ། ཏང་དང་མི་དམངས་ཀྱིས་ཁྱོད་ཚོར་རེ་བ་ཆེན་པོ་བཅངས་ཡོད་ཟེར།
ཞི་ཅིན་ཕིང་གིས་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་ཐུགས་རེ་བཞི་བཏོན་པ་སྟེ། གཅིག དུས་ནམ་ཡང་ཏང་ལ་བློ་དཀར་དགོས། གཉིས། སྒྲིག་ལམ་དམ་པོ་ཡིན་དགོས། གསུམ། ཉེན་ཁར་མི་འཛེམ་པའི་བློ་སྤོབས་དགོས། བཞི། དུས་ནམ་ཡང་བློ་གཅིག་སེམས་གཅིག་གིས་མི་དམངས་བསམ་དགོས་ཟེར།
དར་ཆ་གནང་བའི་མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་ལ་ཀྲུང་གོའི་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་དར་ཆ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་དར་ཆ་གནང་བའི་མཛད་སྒོར་འགོ་འཛིན་མཛད།
དར་ཆ་གནང་བའི་མཛད་སྒོར་ཞུགས་པའི་མེ་འགོག་མེ་གསོད་རོགས་སྐྱོབ་མི་སྣས་མཉམ་དུ་དམ་ཚིག་བསྒྲགས།
མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག་གི་སྤྱིའི་རུ་ཁག་རིམ་པ་ཡན་གྱི་ལས་བྱེད་པར་བརྩེ་བའི་མཇལ་འཕྲད་གནང་བ་དང་། མཉམ་པར་བླངས།
ཏེན་ཞུའེ་ཞང་དང་ཀྲང་ཡུག་ཞ། ཁྲིན་ཞི། གོ་ཧྲིན་ཁུན། ཝང་ཡུས་བཅས་བྱ་འགུལ་ལ་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དར་ཆ་གནང་བའི་མཛད་སྒོར་ཞུགས།