མཚོ་སྔོན་ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2018.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ་དང་མཚོ་སྔོན་ཞིང་ཆེན་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་འཆར་གཞི། མཚོ་སྔོན་ཞིང་ཆེན་གྱི2018ལོ་ནས2019ལོའི་དགུན་ཁ་དང་དཔྱིད་དུས་ཀྱི་གནས་སྐོར་བྱ་འགུལ་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་དང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མགོན་པོ་བཀྲ་ཤིས་དང་ཀྲང་ཞི་མེན། ཡན་ཅིན་ཧེ། ཡུས་ཚུང་ལི། ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལྗང་མདོག་འཕེལ་རྒྱས་ཐད་ཇུས་འགོད་ལེགས་པོ་བྱེད་པ་དང་འཐབ་ཇུས་བརྩོན་ལེན་བྱེད་པ། བཀོད་སྒྲིག་ཆ་ཚང་བྱེད་པའི་གཞུང་དོན་གྲོས་བསྡུར་མཐུན་སྦྱོར་ལས་ཁུངས་ཡིན་པས། འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནས་སྐོར་ལྗང་མདོག་འཕེལ་རྒྱས་དང་བཅོས་སྒྱུར་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱ་བའི་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། བྱ་བ་ལམ་ལུགས་ཅན་དང་བྱེ་བྲག་ཅན། རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་འབྲེལ་མཉམ་འགུལ་དང་གོང་འོག་མཐུན་སྦྱོར་བྱེད་པའི་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལྗང་མདོག་འཕེལ་རྒྱས་ལ་འགོ་ཁྲིད་དང་མཛུབ་སྟོན། སྣེ་ཁྲིད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་གྱི་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱེད་པའི་གནད་འགག་ནི་གནས་སྐོར་ལས་རིགས་དེང་རབས་ཅན་དུ་བསྒྱུར་བའི་གནད་དོན་ཐག་གཅོད་རྒྱུ་དེ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བསམ་གཞིགས་གཏོང་སྟངས་དང་སྤྱོད་ཚུལ་གོམས་སྲོལ། དུས་ཚོད་དང་བར་སྟོང་། འཐབ་ཇུས་དང་འཐབ་རྩལ། ཁ་ཕྱོགས་དང་འདེགས་སྐྱོར། བརྒྱུད་རིམ་དང་དམིགས་འབེན་སོགས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་དགོས། འཆར་འགོད་སྦྲེལ་མཐུད་ལ་ཤུགས་སྣོན་པའི་ཁྲོད་གནས་སྐོར་བྱ་བ་བཟང་བོར་སྤེལ་བ་དང་། གནས་སྐོར་དགོས་མཁོ་གཞིར་འཛིན་པ་དང་འདོན་སྤྲོད་ཕྱོགས་ལ་ཤུགས་འདོན་པ། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་རྒྱུན་མ་ཆད་པར་བསྐང་ནས། མཚོ་སྔོན་ཞིང་ཆེན་གྱི་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་གཏོང་བ། ཕན་འབྲས་ཇེ་ཆེར་གཏོང་བར་དམིགས་ནས། དགུན་ཁ་དང་དཔྱིད་དུས་ཀྱི་གནས་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རིག་གནས་བྱ་འགུལ་དང་ལུས་རྩལ་འགྲན་ཚོགས། དམངས་སྲོལ་དུས་ཆེན་སོགས་བྱེད་ཐབས་སུ་བྱེད་པ། བདེ་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། དྲིལ་སྒྲོག་ཤུགས་ཆེན་བྱས་ནས། དགུན་ཁ་དང་དཔྱིད་དུས་ཀྱི་གནས་སྐོར་དེ་མཚོ་སྔོན་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་འཕར་སྣོན་བྱེད་ས་གསར་བ་རུ་སྐྱེད་སྲིང་བྱེད་དགོས་ཟེར།