བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་གསུམ་ཉིན་རྒྱལ་ཁབ་རྟེན་མཛོད་ཁང་ལ་ཕེབས་ནས། རླབས་ཆེ་བའི་འཕོ་འགྱུར་ཏེ་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེན་མོར་གཟིགས། ཁོང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་ཡར་བརྩོན་ལྷོད་མེད་བྱས་ཏེ་རང་གི་ལག་ཟུང་གིས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྩམས་པས། ཀྲུང་ཧྭའི་ས་གཞི་ཆེན་མོར་གནམ་ས་འགུལ་བར་བྱེད་པའི་འཕོ་འགྱུར་རླབས་ཆེན་བྱུང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་འཕེལ་རྒྱས་ཀྱི་རླབས་ཆེན་དཔེ་རིས་བཀོད་ཡོད་ལ། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བྱས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསུ་ངེས་པས། འགྲེམ་སྟོན་བརྒྱུད་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེན་སྟོབས་ཤུགས་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འོད་སྟོང་ལྡན་པའི་མདུན་ལྗོངས་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱས་ཏེ། བསམ་བློ་གཅིག་གྱུར་དང་ལྟ་བ་གཅིག་སྡུད། སྙིང་སྟོབས་ཆེར་བསྐྱེད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་བཅོས་སྒྱུརསྒོ་འབྱེད་ཀྱི་བགྲོད་ལམ་དུ་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ཟེར།
ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྱིས་འགྲེམ་སྟོན་ལ་གཟིགས།
ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཐོན་པ་དང་། འགྲེམ་སྟོན་ཁང་དུ་ཕེབས་ནས་འགྲེམ་སྟོན་ལ་གཟིགས། འགྲེམ་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་བརྗོད་གཞིར་བཟུང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་བརྒྱུད་རིམ་ལ་སྦྲེལ་ཞིང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཟབ་ཚོར་དང་། མང་ཚོགས་ཀྱི་སྐྱིད་སྣང་། འཕེལ་རྒྱས་ཀྱི་དགའ་ཚོར་བཅས་ལ་སྦྲེལ་ནས། བརྗོད་གཞིའི་འགྲེམ་ཁུལ་དྲུག་བཀོད་སྒྲིག་དང་ཇུས་འགོད་བྱས་ཏེ། ཕྱོགས་མང་པོ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་འོད་སྟོང་འབར་བའི་བརྒྱད་རིམ་དང་རླབས་ཆེ་བའི་གྲུབ་འབྲས། རྩ་ཆེ་བའི་ཉམས་མྱོང་བཅས་གཅིག་བསྡུས་ཀྱིས་ངོམ་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་བཅས་ཀྱི་འཐབ་ཇུས་ཇུས་ཆོད་བཀོད་སྒྲིག་མངོན་པར་བསྟན་ཡོད་པ་དང་། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བར་སྤེལ་བའི་ཆབ་སྲིད་ཀྱི་སྤོབས་པ་དང་འགྱུར་མེད་ཀྱི་ཆོད་སེམས་གསལ་པོར་མཚོན་ཡོད།
པེ་ཅིན་ན་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱིས་འགྲེམ་སྟོན་ལ་གཟིགས།