ལིག་ཉིང་གི་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2018.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཝང་ཡུས་པའོ་དང་ཡན་ཅིན་ཧེ། ཁོང་ཡུང་། ཧན་ཅན་ཧྭ། ཝང་ལིས་མེན། ཐེན་ཅིན་ཁྲིན། ཀྲང་ལིས། ཀྲང་ཧུང་ཡོན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུང་དབྱང་གིས་ཧྲན་ཞི་ཆིན་ལེན་རི་བོའི་བྱང་འདབས་ཀྱི་ཞི་ཨན་མངའ་ཁོངས་སུ་གཞིས་མིན་སྤྲོ་ཁང་ཁྲིམས་འགལ་འཛུགས་སྐྲུན་བྱས་པའི་གནད་དོན་ལ་ཐག་གཅོད་པའི་སྐོར་གྱི་བརྡ་ཁྱབ་དང་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བརྡ་ཁྱབ་སློབ་སྦྱོང་བྱེད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་གཅིག་བསྡུས་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་བྱེད་པའི་སྐོར་གྱི་བྱ་བའི་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱེད་པའི་བརྡ་སྦྱོར། རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་གནས་བབ་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་མིག་སྔའི་བདེ་འཇགས་ཐོན་སྐྱེད་བྱ་བར་སྔར་ལས་ཤུགས་སྣོན་པའི་བརྡ་སྦྱོར་དང་ཉེ་དུས་བྱུང་བའི་དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱས་ནས་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོ་ཡི་སོལ་གཏེར་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་བཅས་སློབ་སྦྱོང་བྱས་པ་མ་ཟད། གཅིག་བསྡུས་སྒོས་ཁྲིམས་འགལ་ཚབས་ཆེན་བྱས་པའི་ཞིང་ཆེན་ཁོངས་གཏོགས་ལས་བྱེད་པ་སྐོར་ཞིག་གི་འགྱོད་བཤགས་ཟིན་ཐོ་ལ་བལྟས་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དར་ཆ་མཐོན་པོར་བསྒྲེང་ནས་ཆབ་སྲིད་གླེང་བ་དང་། ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་དཔེ་གཞིར་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་གཙོ་བོར་འཇོག་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཇེ་དམ་དུ་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་གཉིས་ལག་བསྟར་བྱེད་པའི་མཐོ་ཚད་ནས། སྲིད་གཞུང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་ལྷག་པར་དུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུན་མཐུད་ངང་མུ་རི་རྡོ་སོལ་གཏེར་ཁར་དག་ཐེར་ལེགས་བཅོས་བྱེད་པ་དང་ཆི་ལེན་རི་བོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་སོགས་ཐད་ནས་སྤྱི་སྡོམ་བྱས་ཏེ། དེའི་ཐད་གནས་པའི་གནད་དོན་ལ་རང་བཤེར་རང་བཅོས་ནན་མོ་བྱེད་དགོས། གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། ཚད་གཞི་དང་རེའུ་མིག་ལྟར། ཞིབ་འཇུག་དང་བརྟག་བཤེར་ཟབ་མོ་བྱེད་པ་དང་། དག་ཐེར་ལེགས་བཅོས་ལ་ཤུགས་བསྣན་ནས། ཕྱི་ཚུལ་རང་བཞིན་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་སེལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཡིན་ལ། བདེ་འཇགས་འགན་ཁུར་དང་པོ་ཡིན་པས། རྒྱལ་ཡོངས་ཀྱི་ཉེ་དུས་བྱུང་བའི་དོན་རྐྱེན་ཆེན་པོ་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་བསལ་རང་བཞིན་དང་དཀའ་ཁག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དམར་མཚམས་འདུ་ཤེས་དང་ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཁ་གཏད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བདེ་འཇགས་འགོག་སྲུང་ཐད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ། ཉེན་ཁར་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། འཕྲལ་བསྒྲུབ་དང་ཐག་གཅོད་བྱ་བར་ཤུགས་སྣོན་པ། བདེ་འཇགས་དྲིལ་སྒྲོག་སློབ་གསོ་ཤུགས་ཆེན་སྤེལ་ནས། མིག་སྔའི་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།