མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2018.11.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཡིག་ཆ་དང་སྙན་ཞུ་ལ་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་བཟོ་བའི་ལས་འགུལ་ལས་དོན་དང་བཟོ་ཚོགས་ཀྱི་བྱ་བར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཚགས་ཡིན་པ་དང་། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གྲོས་ཚོགས་གལ་ཆེན་ཡིན་པས། ཏང་གི་བཟོ་ཚོགས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བཟོ་ཚོགས་ཀྱི་བྱ་བ་སེམས་ཁུར་དང་མཐོང་ཆེན། རྒྱབ་སྐྱོར་བྱས་ནས། བཟོ་ཚོགས་རྩ་འཛུགས་ཀྱིས་བྱ་བ་སྔར་ལས་བཟང་བོར་སྤེལ་བ་དང་སྤྱི་ཡོངས་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བའི་ཐད་ཆ་རྐྱེན་སྐྲུན། རིམ་པ་སོ་སོའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་རབས་གསར་བར་རྐང་འཛུགས་པ། གནས་ཚུལ་གསར་བ་ཞིབ་འཇུག་བྱེད་པ། གནད་དོན་གསར་བ་ཐག་གཅོད་པ། སློབ་གསོ་དང་སྣེ་ཁྲིད་ཁྱོན་ཡོངས་སུ་ཁེབས་པར་བྱས་ཏེ། རྒྱ་ཆེའི་ལས་བཟོ་བས་བདག་པོ་བྱེད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་དགོས་ཟེར།

ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཏང་ཨུའི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཏང་ཨུའི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་གཉིས་དེ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་འགན་གཙོ་བོ་དང་ཆབ་སྲིད་སྒྲིག་ལམ་དམ་པོ་བྱེད་པའི་ཆེས་མཐོའི་ཚད་གཞི་རུ་བརྩིས་ནས། འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་། རང་རྟོན་བཞི་ཇེ་བརྟན་དུ་བཏང་སྟེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་གནས་ཐིག་གཏན་ཁེལ་བྱེད་པ། ལས་ཆོད་མཐོར་འདེགས་བྱེད་པ། ཞབས་ཞུ་གསུམ་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྟེང་མིག་དཔེ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ནམ་ཡང་གཅིག་གྱུར་མཐོན་པོ་བྱེད་པའི་སྟེང་མིག་དཔེ་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པའི་སྟེང་མིག་དཔེ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྥུན་ཆའོ་ཉམས་མྱོང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ནི། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བའི་རྩ་བའི་གཞི་འཛིན་ས་ཡིན་པས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་འབུར་ཐོན་བྱེད་པ་དང་། མཉམ་འཛུགས་དང་མཉམ་སྐྱོང་།  མཉམ་སྤྱོད་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རང་སྐྱོང་དང་ཁྲིམས་སྐྱོང་བྱེད་པ་ཟུང་འབྲེལ་བྱེད་པ། མཚོ་སྔོན་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་ཚུལ་དངོས་ལ་རྐང་འཛུགས་པ། བབ་བསྟུན་མདུན་སྐྱོད་བྱེད་པ་དང་རྒྱུན་མཐུད་ངང་དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་མཚོ་སྔོན་ཅན་དང་བྱེ་བྲག་ཅན། ལག་ལེན་ཅན་དུ་བསྒྱུར་ནས། གཞི་རིམ་གྱི་བཅོས་སྐྱོང་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་ལས་ཁུངས་ཀྱི་བཅོས་བསྒྱུར་་གཏིང་ཟབ་ཏུ་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བདང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། བཅོས་བསྒྱུར་གྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། བཅའ་སྡོད་ལས་ཁུངས་ཀྱི་བཅོས་བསྒྱུར་དང་ཏང་སྲིད་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་མཉམ་དུ་འཆར་འགོད་བྱེད་པ་དང་མཉམ་དུ་སྤེལ་བ། མཉམ་དུ་ལག་བསྟར་བྱེད་པ། བཅོས་བསྒྱུར་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མཛུབ་སྟོན་དང་ལྟ་སྐུལ་ལ་ཤུགས་བསྣན་ནས། དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་བར་མིའི་དཔྱད་འཇོག་སྤེལ་བ་ནི། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དོན་ཆེན་ཞིག་དང་། འཆར་འགོད་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་མྱོང་ཚོར་ཐེངས་གཅིག་ཡིན་པས། དཔྱད་འཇོག་ཁྲོད་ནས་གྲུབ་འབྲས་མཐོང་དགོས་པ་མ་ཟད། དཔྱད་འཇོག་ཁྲོད་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་ཁ་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་པ་དང་། ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་ཐད་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་ལྐོག་གྱུར་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི། མཚོ་སྔོན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཚད་ཀྱི་གཅིག་གྱུར་རྩིས་བཤེར་གྱི་བཅོས་བསྒྱུར་ཇུས་གཞི། ད་དུང་བྱ་བ་གཞན་པ་བཅས་ལས་གྲོས་ཞིབ་བྱས།