ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་མཛད།
2018.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 247

ཟླ11པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ཉི་ལ་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་མཱ་ཉི་ལ་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱས་ཏེ། ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བ་དང་། ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། འདྲ་མཉམ་གཉིས་ཕན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་ཐག་བཅད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་འགྲོ་འོང་བྱས་པའི་ཁྱིམ་མཚེས་ཡིན་ལ། ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་མཉམ་རྒྱལ་ནི་ཕྱོགས་གཉིས་ཀྱི་ཡང་དག་པའི་གདམ་ག་ཉག་ཅིག་ཡིན། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་བྱས་རྗེས་བཞག་ཡོད། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་མཛའ་བརྩེ་རྒྱུན་འཛིན་དང་མཉམ་ལས་ཟབ་སྤེལ་གྱིས་རྒྱལ་ཁབ་གཉི་ག་དུས་གཏན་དུ་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་བྱས་ཏེ། དར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧྥི་ལི་ཕིན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་པ་ནི། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་རེ་སྒུག་དང་མཐུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་བླང་བྱ་དང་ཡང་མཐུན། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་ལ་སྐུལ་འདེད་བཏང་ནས། འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་གོས་ཧྥི་ལི་ཕིན་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་བདེ་འཇགས་དང་འཕེལ་རྒྱས། མི་ཆོས་བཅས་རྐང་འཛིན་གྱི་ཁྱབ་ཁོངས་ཆེན་པོ་གསུམ་གྱི་མཉམ་ལས་ཏན་ཏན་ཏིག་ཏིག་གིས་གཏིང་ཟབ་ཏུ་སྤེལ་དགོས། ཧྥི་ལི་ཕིན་ནི་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོགས་པོ་གལ་ཆེན་ཡིན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཧྥི་ལི་ཕིན་གྱི་འཕེལ་རྒྱས་འཐབ་ཇུས་བར་གྱི་སྦྲེལ་མཐུད་ཇེ་ཟབ་ཏུ་བཏང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གློག་འཕྲིན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ལ་རྒྱ་མཚོ་ལྷོ་མའི་ཐད་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པ་དང་། མཛའ་མཐུན་གྲོས་མོལ་བརྒྱུད་དེ་འགལ་བར་དོ་དམ་དང་ཚོད་འཛིན་བྱས་ནས། ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་མ་ི་དམངས་ཀྱི་བདེ་སྐྱིད་ཐད་འཇོག་འོས་པའི་བྱས་རྗེས་བཞག་ཆོག ཀྲུང་གོས་ཧྥི་ལི་ཕིན་དང་ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཨེ་ཤ་ཡ་ཤར་མའི་མཉམ་ལས་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། ཧྥི་ལི་ཕིན་གྱིས་མུ་མཐུད་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱུས་ལོན། བདག་དབང་འདྲ་མཉམ་སོགས་ཀྱི་རྨང་གཞིའི་སྟེང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། ཉོ་འཚོང་དང་དངུལ་གཏོང་། ཞིང་ལས། འགོག་སྲུང་། འཕྲོད་བསྟེན། དུག་འགོག དམངས་ཚིས་ལེགས་བཅོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། སློབ་གསོ་དང་མི་ཤུགས་ཐོན་ཁུངས་སོགས་མི་ཆོས་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་དུ་སྤེལ་བའི་བཟོད་སྒོམ་བརྗེད་ཐོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་སྣུམ་རླངས་གསར་སྤེལ་མཉམ་ལས་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་བྱས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་ཏུའུ་ཐི་ཨར་ཐི་ཡིས་ཙུང་ཐུང་བཞུགས་ཤག་མདུན་གྱི་རྩྭ་ཐང་སྟེང་བསྡུས་པའི་དགའ་བསུའི་མཛད་སྒོ་ཆེན་པོར་ཞུགས།