ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱིས་དམངས་གྲོས་དཔོན་པོ་ཨ་ལོ་ཡུའེ་དང་གྲོས་ཞུགས་དཔོན་པོ་སཱོ་ཐོ་གཉིས་ལ་མཇལ་འཕྲད་གནང་།
2018.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ༡༡པའི་ཚེས༢༡ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ཉི་ལ་ནས་ཧྥི་ལི་ཕིན་གྱི་དམངས་གྲོས་དཔོན་པོ་ཨ་ལོ་ཡུའེ་དང་གྲོས་ཞུགས་དཔོན་པོ་སཱོ་ཐོ་གཉིས་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་མཱ་ཉི་ལ་ནས་ཧྥི་ལི་ཕིན་གྱི་དམངས་གྲོས་དཔོན་པོ་ཨ་ལོ་ཡུའེ་དང་གྲོས་ཞུགས་དཔོན་པོ་སཱོ་ཐོ་གཉིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཨ་ལོ་ཡུའེ་དང་སཱོ་ཐོ་གཉིས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཡིན་ཞེས་བསྟོད་བསྔགས་མཛད་པ་དང་། གྲོས་དཔོན་གཉིས་ཀྱིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་ཐད་བྱ་བ་འབོར་ཆེན་བསྒྲུབས་པར་གཟེངས་བསྟོད་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་གསོན་ཤུགས་གསར་པ་རྒྱས་པ་དང་། ལེགས་སྒྱུར་དང་སྲ་བརྟན་ནས་མཐོར་འདེགས་བར་དུ་མཆོང་སྐྱོད་ཀྱིས་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་ཡར་སྐུལ་བྱས་ཡོད། ཁ་སང་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་ངེད་གཉིས་ཀྱིས་ཀྲུང་གོ་དང་ཧྥི་ལི་ཕིན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཁྲིད་སྟོན་སྔར་ལས་བཟང་པོ་བྱས་ཡོད། ང་ཚོ་ཡང་དག་པའི་བགྲོད་ལམ་དེའི་ཕྱོགས་སུ་མུ་མཐུད་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བ། མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ། ཕྱོགས་གཉིས་ཀྱི་འབྲེལ་བར་དམངས་བློའི་རྨང་གཞི་བརྟན་པོར་འདིང་བ། རྒྱ་མཚོ་ལྷོ་མའི་གནད་དོན་འོས་འཚམ་གྱིས་ཐག་གཅོད་པ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་བ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། ཐུན་མོང་འཕེལ་རྒྱས་ཀྱི་ཁྱིམ་མཚེས་བཟང་པོ་དང་སྤུན་ཟླ་བཟང་པོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་མཛའ་མཐུན་འགྲོ་འོང་ནི་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེང་སྐབས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་གནས་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་མངོན་ཡོད། ཧྥི་ལི་ཕིན་གྱི་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་ནི་ང་ཚོའི་རེ་བ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕན་ཚུན་སློབ་སྦྱོང་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། རིམ་པ་མང་པོ་དང་རྣམ་པ་མང་པོའི་བརྗེ་རེས་མཉམ་ལས་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཧྥི་ལི་ཕིན་གྱི་གྲོས་ཁང་གིས་སྲིད་གཞུང་གིས་ཀྲུང་གོའི་བར་དུ་དངོས་གཉེར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས་ནས། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་དམངས་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཨ་ལོ་ཡུའེ་དང་སཱོ་ཐོ་གཉིས་ཀྱིས་ཞི་ཅིན་ཕིང་ཧྥི་ལི་ཕིན་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཁོ་ཚོས་བསྟན་དོན། ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་པོར་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་ཧ་ཅང་བཟང་ལ། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཆེས་གལ་ཆེ་བའི་གྲོགས་པོ་ཞིག་ཡིན། ཧྥི་ལི་ཕིན་གྱིས་ཀྲུང་གོས་དུས་ཡུན་ཐུང་ངུའི་ནང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བའི་ཉམས་མྱོང་བཟང་པོར་སློབ་སྦྱོང་བྱེད་འདོད་ཡོད་ལ། འབྱོར་འཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་ཆོས་བརྗེ་རེས་ལ་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ཇེ་ཆེར་གཏོང་འདོད་ཡོད། ཧྥི་ལི་ཕིན་གྱི་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རུ་གོང་འཕེལ་དུ་བཏང་བར་གཟེངས་བསྟོད་བྱེད་བཞིནན་པ་དང་། ཏུའུ་ཐི་ཨར་ཐི་སྲིད་གཞུང་གིས་ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་བཟང་པོ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་བསྐྲུན་འདོད་ཡོད་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏེན་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།