ཚེས་ཉེར་བདུན་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཏི་ལེའི་ས་སུའུ་ཨེ་ལ་ཕོ་བྲང་དུ་སི་ཕེན་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་ཧྥེ་ལེ་ཕེ་ལ་མཇལ་འཕྲད་གནང་།
ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཏི་ལེ་ས་སུའུ་ཨེ་ལ་ཕོ་བྲང་དུ་སི་ཕེན་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་ཧྥེ་ལེ་ཕེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉིས་སྟོང་ལྔ་ལོར་ཀྲུང་གོ་དང་སི་ཕེན་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གྱུར་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་ཅིང་དམངས་ཁྲོད་བར་གྱི་འགྲོ་འོང་ཇེ་མང་ལ་སོང་། ཀྲུང་གོ་དང་སི་ཕེན་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། བདག་ལ་ཀྲུང་གོ་དང་སི་ཕེན་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད། ད་ཐེངས་སི་ཕེན་ལ་འཚམས་འདྲི་བྱེད་པ་ནི་བདག་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་འཁུར་རྗེས་ཐོག་དང་པོར་ཡོ་རོབ་གླིང་ལ་འཚམས་འདྲི་བྱས་པ་ཡིན་ལ། ཐེངས་འདིར་ཡོ་རོབ་གླིང་དང་ལ་ཏེན་མེ་གླིང་ལ་སྐྱོད་པའི་ས་ཚིགས་དང་པོ་ཡང་ཡིན་པས། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། ཀྲུང་གོ་དང་སི་ཕེན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་སི་ཕེན་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་དཔལ་འབྱོར་ཉོ་ཚོང་དང་གནས་སྐོར། ཕྱོགས་གསུམ་པའི་ཚོང་ར་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་སི་ཕེན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་དུས་རབས་གསར་བར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།
སྐུ་ཕྲེང་དྲུག་པ་ཧྥེ་ལེ་ཕེ་ཡིས་བཤད་རྒྱུར། ད་ལོ་ནི་སི་ཕེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན་པ་དང་། སི་ཕེན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་སྐུ་ཕྲེང་དང་པོ་ཧུའུ་ཨན་ཁ་ལོ་སི་ཡིས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡང་ཡིན། སི་ཕེན་རྒྱལ་ཁབ་ཀྱིས་ཀྲུང་གོའི་མཛའ་མཐུན་འགྲོ་འོང་དང་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་བར་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་དང་བརྩི་འཇོག་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སི་ཕེན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་ཞིང་དངོས་གཉེར་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཕྱོགས་མང་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པར་མ་ཟད་ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།