མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀོང་ཏུང་ལ་སོང་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས།
2018.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀོང་ཏུང་དུ་སོང་ནས་དེ་གའི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས་ནས། ཀོང་ཏུང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། མཚོ་སྔོན་དང་ཧྲིན་ཀྲིན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་རིམ་པར་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་མཱ་ཞིན་རུའེ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་བཅས་ཚོགས་འདུར་ཞུགས།

ལིས་ཞི་ཡིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཀོང་ཏུང་གི་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་པ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁབ་ལེན་པར་འབད་འབུངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་འབད་པས་སྒྲུབ་པ་བཅས་བྱས་མཐར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཀོང་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་དུས་ཡུན་རིང་བོར་རོགས་འདེགས་ཤུགས་ཆེན་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀོང་ཏུང་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་རུ་འདྲེན་པ་དང་སྔོན་སྐྱོད་པ། ཚོད་ལྟ་བྱེད་གནས་བཅས་ཡིན་ལ། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་འགོར་བའི་ལོ་ཡིན། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ལ་གཟིགས་ཞིབ་མཛད་པར་མ་ཟད་དེ་འབྲེལ་གྱི་གསུངས་བཤད་གལ་ཆེན་གནང་བ་ལས་གཞན། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་གྱི་ཚད་ཇེ་མཐོར་གཏོད་པ། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་སོགས་ཀྱི་བྱ་བར་བླང་བྱ་ནན་མོ་བཏོན། ང་ཚོ་ད་ཐེངས་ཀོང་ཏུང་ལ་ཡོང་དོན་ནི། ལག་ལེན་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱ་ཆེད་དང་། ཁ་ཕྱོགས་དང་སྒུལ་ཤུགས། ཡིད་རྟོན་བཅས་བཙལ་ནས། མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་ཆེད་ཡིན། ང་ཚོས་ཀོང་ཏུང་གི་རང་ལམ་རང་འབྱེད་ཀྱི་སྙིང་སྟོབས་དང་རྒྱལ་ཡོངས་ཀྱི་སྔོན་གྲས་སྙེག་ཐུབ་པའི་ཆོད་སེམས། ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན་ཟེར། ཝང་ཅན་ཅུན་གྱིས་དུས་རབས་གསར་བ་ནི་མཉམ་ལས་གཉིས་རྒྱལ་གྱི་དུས་རབས་ཤིག་ཡིན་པས། ས་གནས་གཉིས་ཀྱིས་དགེ་མཚན་གསབ་རེས་དང་སྒུལ་ཤུགས་ཆེ་གྲས་སྐོར་ནས་མཉམ་ལས་བྱས་ཏེ། ཐོན་ལས་དང་ཡུལ་སྐོར། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། མ་འོངས་པའི་འཚོ་བ་བཟང་བོ་མཉམ་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་དང་ཧྲིན་ཀྲིན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་ནས་བཤད་རྒྱུར། ཧྲིན་ཀྲིན་ནི་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་གྲོང་ཁྱེར་དང་བརྒྱུད་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ང་ཚོས་ཧྲིན་ཀྲིན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཆོད་སེམས་དང་ཤུགས་ཚད་ལ་སྐུལ་ལྕག་གཏོང་དགོས་ཟེར། ཝང་ཅན་ཅུན་གྱིས་མུ་མཐུད་ནས་བཤད་རྒྱུར། ཧྲིན་ཀྲིན་ལ་ལག་རྩལ་དང་གསར་གཏོད་ཀྱི་བསམ་བློ། དོན་དང་ལྡན་པའི་སྟོབས་ཤུགས་བཅས་ཡོད་ཅིང་། མཚོ་སྔོན་ལ་ཐོན་ཁུངས་དང་ཁྱད་ལྡན། མི་མངོན་པའི་ནུས་ཤུགས་བཅས་ཆ་ཡོངས་ནས་རྫོགས་པས། ཕྱོགས་གཉིས་ཀས་ལག་རྩལ་དང་ཐོན་ཁུངས། གསར་གཏོད་དང་ཁྱད་ལྡན། སྟོབས་ཤུགས་དོན་གནས་དང་མི་མངོན་པའི་ནུས་ཤུགས་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་པ་ཡིན་ན། ཅིས་ཀྱང་ས་གནས་གཉིས་ཀྱི་སྤྱི་བའི་ཞབས་ཞུ་དང་འཇོན་ཐང་མི་སྣ། ཐོན་ལས་འཕེལ་རྒྱས།  བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། འབྲེལ་འདྲིས་བརྗེ་རེས་སོགས་ཀྱི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་ངེས་པར་ཐེ་ཚོམ་མེད་ཟེར།

ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཀྲུང་གིས་བཤད་རྒྱུར། མིག་སྔར་ཧྲིན་ཀྲིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་བཞིན་པའི་སྒང་ཡིན་ལ། དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོ་རུ་བསྒྲེང་ནས། ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་ལོ་རྒྱུས་གོ་སྐབས་ཆེན་པོ་དམ་འཛིན་བྱས་ཏེ། དུས་རབས་གསར་བར་ཀུན་གྱི་མདུན་གྲས་སྙེག་པ་དང་བགྲོད་ལམ་གསར་བར་སྤོབས་པས་འཇུག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་བསྐྲུན་པའི་ཁ་ཕྱོགས་འབད་པས་སྙེག་བཞིན། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དཔེ་སྟོན་ཅན་བསྐྲུན་པར་འབད་པ་བྱེད་ཀྱིན་ཡོད། ཧྲིན་ཀྲིན་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་། མཚོ་སྔོན་དང་ཧྲིན་ཀྲིན་གཉིས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་སྒྲིག་ལྟར་དུ། ས་གནས་གཉིས་ཀྱི་དགེ་མཚན་རྩལ་དུ་འདོན་པ་དང་། ཚན་རྩལ་དང་དཔལ་འབྱོར་ཉོ་ཚོང་། རིག་གནས། སློབ་གསོ། ཡུལ་སྐོར། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། གཉིས་ཕན་གཉིས་རྒྱལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་མཐར། རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་ལས་དོན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་དུ། མཱ་ཞིན་རུའེ་དང་ལིག་ཉིང་། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲིན་རུའུ་ཀུའེ་སོགས་ཀྱིས་སོ་སོར་ཀོང་ཏུང་དང་མཚོ་སྔོན། ཧྲིན་ཀྲིན་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།

ཀོང་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ལིན་ཧྲའོ་ཁྲུན་དང་ཀྲང་ཧྲའོ་ཧྥུའུ་གཉིས་དང་། ཀོང་ཏུང་གྲོང་ཁྱེར་གྱི་ཧྲི་ཀྲང་ཝུན་ཀུའོ་ཧོས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཡུས་པོ་དང་ཡུས་ཚུང་ལི། ཝང་ལིས་མེན་བཅས་སོ་སོར་གོང་གསལ་བྱ་འགུལ་ལ་ཞུགས།