ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
2018.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན།    རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་བ་སླེབས་པའི་སྐབས་འདིར།  ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚུན་ལ།  ཞིང་ཆེན་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ལས་ཁུངས་དང་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ་གྱ་གསུམ་གྱིས་ཁྲིམས་ལྟར་རྩ་ཁྲིམས་མདུན་ནས་དམ་བཅའ་བཞག   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལིག་ཉིང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པར་ལྟ་སྐུལ་བྱས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་རྗེས།  ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།   དེའི་རྗེས་སུ།  དམ་བཅའ་འཇོག་མཁན་ཀྱིས་རྩ་ཁྲིམས་ཀྱི་མདུན་དུ་དམ་ཚིག་སྒྲོག་འདོན་བྱས།

དམ་བཅའ་བཞག་ཚར་རྗེས།  ལིག་ཉིང་གིས་བསྟན་དོན།   རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཆེན་མོ་ཡིན་པ་དང་།   རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ལ།   ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་པ་ཡིན་པས།   བཅའ་ཁྲིམས་ཀྱི་གོ་གནས་དང་བཅའ་ཁྲིམས་ཀྱི་དབང་ཟིལ།   བཅའ་ཁྲིམས་ཀྱི་ཕན་ནུས་ལྡན་པ་ཡིན།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་།   རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་གཏན་ཁེལ་བྱས་པའི་རིག་གཞུང་ལྟ་བ་གལ་ཆེན་དང་སྲིད་ཇུས་བྱེད་ཐབས།   ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པར་བརྩིས་ཏེ་རྩ་ཁྲིམས་ནང་བཞག་པ་དང་།   རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་དམ་བཅའ་འཇོག་པར་གཏན་ཁེལ་གསལ་བོ་བྱས་པས།  ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ།   བླང་བྱ་གསར་པ་བཅས་མངོན་པར་བྱས་ཡོད་པ་དང་།    རྩ་ཁྲིམས་ཀྱི་སྣེ་ཁྲིད་དང་སྐུལ་སྤེལ།  འགན་སྲུང་ནུས་པ་བཅས་སྔར་ལས་འདོན་སྤེལ་བཟང་བོ་བྱེད་ཐུབ།   ཉེ་ལམ།  ཞིང་ཆེན་སྲིད་གཞུང་གིས་ལས་ཁུངས་བཅོས་སྒྱུར་རྗེས་ཀྱི་སྲིད་གཞུང་ལས་ཁུངས་དང་སྡེ་ཁག་གི་འགན་ཁུར་མི་སྣ་བསྐོ་འཇོག་བྱས་པ་དེས།  མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་བཅོས་སྒྱུར་དུས་རིམ་གསར་པར་སླེབས་པ་མཚོན་ལ།    རྒྱ་ཆེའི་ལས་བྱེད་མི་སྣས་རྩ་ཁྲིམས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བཟང་བོ་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།      ཞིང་ཆེན་སྲིད་གཞུང་གིས་ཐེངས་འདིའི་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ་བ་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་།   རྩ་ཁྲིམས་དངོས་འབེབས་དོན་འཁྱོལ་བཟང་བོ་བྱེད་པའི་ཞིབ་ཕྲིའི་འགུལ་སྐྱོད་ཡིན་ལ།      ལས་འགན་ལག་བསྟར་བཟང་བོ་བྱེད་པར་དམ་བཅའ་ནན་མོ་བཞག་པའང་ཡིན་ཟེར།

ལིག་ཉིང་གིས་ཚང་མར་རྒྱལ་དར་དང་རྒྱལ་རྟགས་འོག་དམ་བཅའ་བཞག་པ་ནི་གཟི་བརྗིད་ཅིག་ཡིན་ལ།  འགན་འཁྲི་ཞིག་ཀྱང་ཡིན་པས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ།  ལག་ལེན་ལ་མཛུབ་སྟོན་བྱེད་བཅས་བྱས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་གཉིས་ལག་བསྟར་བཟང་བོ་བྱེད་པ།  ཐོག་མཐའ་བར་གསུམ་ཀུན་ཏུ་དམ་ཚིག་ཡིད་ལ་དམ་པོར་ཉར་ཏེ་ཀྲུང་དབྱང་གི་སྲིད་ཇུས་ཆེན་པོའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས།   ཐོག་མཐའ་བར་གསུམ་ཀུན་ཏུ་རྩ་ཁྲིམས་ལ་བརྩི་བཀུར་དང་རྩ་ཁྲིམས་ལ་བློ་དཀར་བ།  རྩ་ཁྲིམས་བརྩི་སྲུང་བྱེད་པ།  རྩ་ཁྲིམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་རྩ་ཁྲིམས་ལྟར་སྲིད་འཛིན་པ་དང་།  ཁྲིམས་ལྟར་སྲིད་འཛིན་པ་གཉིས་ཇུས་ཆོད་དང་ལག་བསྟར།  དོན་འཁྱོལ་བཅས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ་དང་།    རྩ་ཁྲིམས་ཀྱི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་བྱེད་ནུས་གལ་ཆེན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས།   སློབ་སྦྱོང་ལ་སྔར་ལས་ཤུགས་སྣོན་པ་དང་།  ལས་འགན་ལག་བསྟར་བྱེད་པའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ།  མཚོ་སྔོན་གསར་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ་རང་གི་ལས་གནས་སྟེང་བྱེད་ཐབས་གསར་པ་མངོན་པར་འབད་བརྩོན་བྱེད་དགོས།   ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་ཡིད་ལ་དམ་པོར་ཉར་ཏེ་མི་དམངས་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་།   མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ།   མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་དགོས།  སྤྱོད་གཙང་སྒོས་ཁྲིམས་སྲུང་སྒྲིག་བརྩི་དང་།  ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ།   ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་ལུགས།  ཏང་གི་སྒྲིག་ཁྲིམས།  རྩ་ཁྲིམས་བཅའ་ཁྲིམས་ལ་བརྩི་བཀུར་བྱེད་པ།   སྤྱོད་གཙང་དར་སྤེལ་དང་འགན་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་བཟང་བོ་བསྐྲུན་ཏེ་ལྔ་བཞིའི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།   དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་མ་བཏང་།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་།  ཧྲིན་ཀྲང་གཞོན་པ་ཁུང་ཡུང་།   ཝང་ལིས་མེན།  དབྱང་ཧྥུན་ཁྲུན།  ཀྲང་ལིས་བཅས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས།