ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་དང་གྲོས་མོལ་མཛད།
2018.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་དང་གྲོས་མོལ་མཛད།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དྲུག་ལོར་བདག་གིས་ཨེ་ཁྭ་ཏོར་ལ་རྒྱལ་དོན་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བཏོན། ཙུང་ཐུང་ལགས་ཀྱིས་ཀྲུང་གོ་དང་ཨེ་ཁྭ་ཏོར་བར་གྱི་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་པར་ནུས་ཤུགས་གང་ཡོད་བཏོན་པར་བདག་གིས་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོ་དང་ཨེ་ཁྭ་ཏོར་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་གསར་བའི་རླབས་རྒྱུན་དང་མཐུན། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་དང་ཁྱབ་ཁོངས་སོ་སོའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་ཀྱི་འཕེལ་རྒྱས་བགྲོད་ལམ་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་ཟེར།

མོ་ལོས་ནོ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་ལྷག་པར་དུ་ཉིས་སྟོང་བཅུ་དྲུག་ལོར་ཨེ་ཁྭ་ཏོར་ལ་ས་འགུལ་བྱུང་རྗེས་དུས་ཐོག་ཏུ་རོགས་སྐྱོར་བྱས་པར་ཨེ་ཁྭ་ཏོར་མི་དམངས་ཀྱིས་བཀའ་དྲིན་ཆེ་ཞུས་པ་ཡིན། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་བར་མ་ཟད་ཚན་རྩལ་གསར་སྐྲུན་ཁྱབ་ཁོངས་སུ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་འདོད་ཡོད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་སོགས་ཕྱོགས་མང་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།