ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་བྱས།
2018.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་བསྡུས་ནས། ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུར་ཉན་ནས། ཉིས་སྟོང་བཅུ་དགུ་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་སྟེང་བལྟས་ན། ད་ལོར། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན་འོག་ཏུ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་ལྟར། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བླང་བྱ་དངོས་འབེབས་བྱས་ཏེ། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ཆེན་པོར་ཕན་ནུས་ལྡན་པར་ཁ་གཏད་འཇལ་བ་དང་། དཀའ་ངལ་གདོང་གིས་བསུས་པ་དང་བྱ་བ་ཏན་ཏིག་གིས་སྒྲུབ་ལ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་ཟབ་སྤེལ་དང་། ཆེ་ཕྱོགས་སྙོམ་སྒྲིག་ཚོད་འཛིན་གྱི་དམིགས་འབེན་སྣ་ཚོགས་ལེགས་འགྲུབ་ཅུང་ལེགས་པོ་བྱས་ཤིང་། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་གྱི་འགོ་བཟང་པོར་བརྩམས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་པས། མི་དམངས་མང་ཚོགས་ལ་ཁེ་ཕན་སྔར་ལས་མང་པོ་ཐོབ་པ་དང་། དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གཏན་འཇགས་བྱུང་སྟེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་ཡོད་ཟེར།

གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་གྱི་གནད་འགག་གི་ལོ་ཡིན་པས། སང་ལོའི་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས། ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན། མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་མུ་མཐུད་དུ་བཟང་པོར་སྤེལ་བ། ཆེ་ཕྱོགས་སྙོམ་སྒྲིག་གསར་གཏོད་བྱེད་པ་དང་འཐུས་ཚང་དུ་གཏོང་བ། འཕར་སྣོན་གཏན་འཇགས་སུ་གཏོང་བ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་བྱ་བ་གཅིག་གྱུར་གྱིས་སྤེལ་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ཚད་དུ་སྲུང་འཛིན་བྱེད་པ། ལས་ཞུགས་དང་དངུལ་རྩ། ཕྱི་འཚོང་། ཕྱི་དངུལ། དངུལ་གཏོང་། སྔོན་དཔག་བཅས་གཏན་འཇགས་སུ་གཏོང་བ། ཁྲོམ་རའི་ཡིད་ཆེས་ཇེ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་སུ་གཏན་འཇགས་སུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་དགོས་ན། ངེས་པར་དུ་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་བྱེད་པས་ཁག་ཁུར་འབད་བརྩོན་བྱེད་པར་སྐུལ་མ་གཏོང་བ། སློབ་སྦྱོང་དང་རྟོག་དཔྱོད་ཞིབ་འཇུག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་དམངས་ཚིས་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་སོགས་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་ནས། སང་ལོའི་བྱ་བར་འགོ་བཟང་པོ་ཞིག་རྩོམ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པས། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ལ་རྣམ་པ་གསར་པ་མངོན་ཡོད་པ་དང་། རུལ་སུངས་ངོ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དུས་ནམ་ཡང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཏང་གིས་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ་དང་། ཕྱོགས་ཡོངས་ལ་ཁེབས་པ། དབང་ཟིལ་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཛུགས་པར་སྐུལ་འདེད་བཏང་བས། བྱ་བ་སྣ་ཚོགས་ལ་རྣམ་པ་གསར་པ་མངོན་ཡོད་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ད་དུང་སྔར་བཞིན་རྙོག་འཛིང་ཆེ་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་ད་དུང་ཧ་ཅང་ལྗིད་པས། ངེས་པར་དུ་ནན་ཞེས་པའི་ཡིག་འབྲུ་འདི་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་པ་དང་། ཏང་རང་སྟེང་གི་གསར་བརྗེ་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་ཏེ། རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་མཐོར་འདེགས་བཅས་མངོན་འགྱུར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་ཁེལ་ཆེན་པོ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་འཛུགས་སྐྲུན་ལ་གཟབ་ནན་དང་རྣལ་མའི་སྒོ་ནས་ཤུགས་བསྣན་ཏེ། ཆབ་སྲིད་ལ་བྱང་བ་དང་ནུས་པ་་ཆེ་བ། བློ་དཀར་ཞིང་སྤྱོད་པ་གཙང་ལ་ཁག་ཁུར་ཆེ་བ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་ཞིག་བསྐྲུན་དགོས་ཟེར།

དེའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན།

གྲོས་ཚོགས་སྟེང་སང་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ནས་བཅུ་གསུམ་ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུར་འཐད་པ་བྱུང་།